སྔོན་གླེང༌།


01 ༄༅།། དེ་ཡང་འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང༌། མི་དང་མིའི་བར་ཕན་ཚུན་འབྲེལ་ལམ་བྱེད་པའི་འཚོ་བའི་དགོས་མཁོ་དང་དགའ་སྐྱོ་ཆགས་སྡང་སོགས་ནང་ཡིད་ཀྱི་ཚོར་འདུ་མཚོན་ཕྱིར་ངག་གི་རྣམ་པར་རིག་བྱེད་འདི་བྱུང་ཞིང༌། རིམ་པར་འཐུས་སྒོ་ཇེ་ཚང་དང་གཏན་ཆགས་ཀྱི་རང་བཞིན་དུ་གྱུར་པ་ན་བློ་གྲོས་ཀྱི་སྟོབས་དང་ལྡན་པའི་སྐྱེས་བུ་འགའ་ཞིག་གིས་སྐད་བརྡའི་སྒྲིག་སྲོལ་དང་ཆོས་ཉིད་རྣམས་རིགས་པའི་གཞུང་ལུགས་སུ་ཕྱོགས་བསྡོམས་བྱས་པ་ནས་བརྡ་སྤྲོད་རིག་པ་འདི་ཉིད་རང་རྐྱ་ཐུབ་པའི་རིག་གནས་ཤིག་ཏུ་གྱུར། རང་ཅག་བོད་ལ་མཚོན་ན། ཕྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་ནས་ཡི་གེ་དང་བརྡ་སྤྲོད་གཞུང་ལུགས་ཡོད་ཚུལ་ཟེར་ཡང༌། ད་ཕན་ཡིད་རྟོན་འོས་པ་ཅི་ཡང་རྙེད་མེད། ཕྱི་ལོའི་དུས་རབས་བདུན་པའི་ནང་མི་རྗེ་སྲོང་བཙན་སྒམ་པོའི་བཀའ་ལྟར་གངས་ལྗོངས་ཡི་གེའི་བྱེད་པོ་ཐུ་མི་ཨ་ནུ་མཆོག་གིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་ཀྱི་གཞུང་ལུགས་མཛད་པ་ནི་བོད་བརྡ་ཡང་དག་པར་སྦྱོར་བའི་བརྡ་སྤྲོད་གཞུང་ལུགས་ཀྱི་ཐོག་མར་གྲགས་ཤིང་གྲུབ།


              བོད་བྱིངས་ཀྱི་སྐད་བརྡ་དང་མཐུན་པའི་བརྡ་སྤྲོད་གཞུང་ལུགས་འདི་དག་གིས་མི་ལོ་ཆིག་སྟོང་ལྷག་རིང་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གཙུག་ལག་སྤྱི་དང༌། བྱེ་བྲག་ནང་དོན་རིག་པའི་གཞུང་ལུགས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་དུ་དར་ཞིང་རྒྱས་པའི་ཐད་སྲོག་རྩ་ལྟ་བུའི་བྱེད་ནུས་ཐོན་ཡོད། རྒྱུ་མཚན་དེའི་ཕྱིར་བོད་ཀྱི་མཁས་པ་རིམ་བྱོན་གྱིས་སུམ་རྟགས་ཀྱི་གཞུང་ལ་རྣམ་བཤད་དང་དོགས་གཅོད་གང་མང་མཛད་དེ་རྒྱུན་འཛིན་དང་འཕེལ་རྒྱས་ཟམ་མ་ཆད་པར་བཏང༌ཡོད་ལ། དེ་ཡང་དུས་རབས་བདུན་པའི་ནང་གངས་ལྗོངས་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་སཾབྷོཊས་སུམ་རྟགས་ཀྱི་རྩ་བ་གཉིས་བརྩམས་ཏེ་སྐད་དང་ཡི་གེའི་རྣམ་གཞག་སྟོན་པའི་བརྡ་སྤྲོད་པའི་གཞུང་ལུགས་བྱུང་བ་དེ་ལ་བརྟེན་ནས་ད་ཡོད་བཀའ་བསྟན་གྱི་གཞུང་ལུགས་རྒྱ་ཆེན་པོ་འདི་དག་བྱུང༌ནའང་ས་སྐྱ་པཎྜིཏའི་ཡར་སྔོན་དུ་སུམ་རྟགས་ཀྱི་རྣམ་བཤད་དང་དཔེར་བརྗོད་སོགས་མཛད་ནས་དར་སྤེལ་བཏང་བའི་ལོ་རྒྱུས་མེད། རབ་བྱུང་གསུམ་པའི་ཆུ་སྟག་ལོར་འཁྲུངས་པ་ཆོས་རྗེ་ས་པཎ་གྱིས་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ་མཛད་པ་དང༌། དུས་རབས་བཅུ་གསུམ་པའི་ནང་དབུས་པ་བློ་གསལ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་སུམ་རྟགས་ཀྱི་འགྲེལ་པ་དང༌། ཡར་འབྲོག་པ་རིན་ཆེན་ཏོག་གིས་སུམ་རྟགས་འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག དུས་རབས་བཅུ་བཞི་པའི་ནང་ལོ་ཆེན་ནམ་མཁའ་བཟང་པོས་སུམ་རྟགས་འགྲེལ་པ་བསྟན་པའི་སྒྲོན་མེ་དང༌། པཎ་ཆེན་སཾགྷ་ཤྲཱིའམ་དགེ་འདུན་དཔལ་གྱིས་སུམ་རྟགས་མཆན་འགྲེལ། དུས་རབས་བཅོ་ལྔ་པའི་ནང་ཐོན་མིའི་གདུང་རྒྱུད་ལས་འཁྲུངས་པ་པཎ་ཆེན་བྱམས་པ་གླིང་པས་སུམ་ཅུ་པའི་འགྲེལ་པ་ཞིབ་མོ་རྣམ་འཐག ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་སུམ་རྟགས་འགྲེལ་པ་རྣམ་པར་གསལ་བའི་ལེགས་བཤད། དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་གཙུག་ལག་འཕྲེང་བས་སུམ་རྟགས་འགྲེལ་པ་གསལ་བྱེད་སྒྲོན་མེ། དུས་རབས་བཅུ་བདུན་པའི་ནང་ཕྱི་ལོ་ ༡༦༨༣ ལོར་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ་བརྩམས་པ་དང༌། དུས་རབས་བཅོ་བརྒྱད་པའི་ནང་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་པའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་དང༌། ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ཕྱི་ལོ་ ༡༧༤༤ ལོར་སུམ་རྟགས་འགྲེལ་ཆེན་མུ་ཏིག་འཕྲེང་མཛེས། ལྕང་སྐྱ་རོལ་པའི་རྡོ་རྗེས་སུམ་རྟགས་འགྲེལ་པ་བློ་ལྡན་དགའ་བསྐྱེད། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་སུམ་རྟགས་འགྲེལ་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད། དུས་རབས་བཅུ་དགུ་པའི་ནང་རྡོ་རིང་པཎྜིཏ་བསོད་ནམས་བསྟན་འཛིན་དཔལ་འབྱོར་གྱིས་ཕྱི་ལོ་ ༡༨༡༠ ལོར་སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན། དངུལ་ཆུ་དྷརྨ་བྷ་དྲས་ཕྱི་ལོ་ ༡༨༦༦ ལོར་སུམ་རྟགས་འགྲེལ་པ་སི་ཏུའི་ཞལ་ལུང༌། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཕྱི་ལོ་ ༡༨༩༡ ལོར་སུམ་རྟགས་འགྲེལ་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་མཛད། དུས་རབས་ཉི་ཤུ་པའི་ནང་ཕྱི་ལོ་ ༡༩༠༡ ལོར་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང༌། དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས་ཡུལ་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པའི་སྙིང་པོ་མདོར་བསྡུས་པ་ཐུ་མིའི་དགོངས་རྒྱན། ཨ་ལགས་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ཕྱི་ལོ་ ༡༩༧༩ ལོར་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང༌། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཟབ་གནད་ཀུན་གསལ་སོགས་སྔ་ཕྱིར་མཛད་པ་ལ་བརྟེན་ནས་སུམ་ཅུ་པའི་གཞུང་ལུགས་ཀྱི་འཆད་ཉན་རིམ་འཕེལ་བྱུང༌།


             སུམ་རྟགས་ཀྱི་གཞུང་ལུགས་འདི་དག་དུས་ཀྱི་འགྱུར་བའམ་བོད་སྐད་ཀྱི་འཕེལ་ཚུལ་དང་སྒོ་བསྟུན་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཅིང༌། དེ་ལ་གཞུང་ལུགས་རང་གི་དགོངས་པ་མཐིལ་ཕྱིན་པར་རྟོགས་རྒྱུ་ནི་མེད་མི་རུང་བའི་ཆ་རྐྱེན་ཨང་དང་པོར་བརྟེན། མཁས་པ་སྔ་ཕྱི་ཁག་གིས་ཐོན་མིའི་རྩ་བ་རང་གི་ཚིག་དང་དོན་གྱི་ཆ་སོ་སོར་ལུང་རིགས་དུ་མས་དཔྱད་པ་ཟབ་ཅིང་རྒྱ་ཆེ་བ་ཇི་ལྟར་གནང་ཡོད་པ་རྣམས་ཁོང་དུ་ཆུད་པར་བྱས་པའི་སྒོ་ནས་གཞུང་དོན་མཁྱེན་པར་མཛད་དགོས།
དོན་གྱི་དབང་དེ་དག་ལ་གཟིགས་ནས་བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཐད་ཀའི་ལམ་སྟོན་དང་ཐུགས་འགན་བསྐྱེད་བཞེས་ཀྱི་བཀའ་དྲིན་འོག འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་མི་ལོ་བཅོ་བརྒྱད་རིང་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཆེད་རྩོམ་དེབ་གང་མང་རྩོམ་སྒྲིག་དང་པར་བསྐྲུན་འགྲེམས་སྤེལ་བྱས་ཏེ་རྩོམ་དེབ་བརྒྱ་ཐམ་པ་ལོངས་པའི་མཚམས་འདིར་<<སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་>>ཞེས་བྱ་བའི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་ཞིག་ཆེད་དུ་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་འདིའི་ནང༌། གཞུང་དཀྱུས་ཀྱི་འགྲེལ་བཤད་དང་ས་བཅད་ཁག་པྲ་ཏི་དགེ་བཤེས་ཀྱི་འགྲེལ་པ་ཀུན་བཟང་དགོངས་རྒྱན་ཇི་ལྟ་བ་བཞིན་བཀོད་ཐོག སི་ཏུ་པཎ་ཆེན་གྱི་འགྲེལ་ཆེན་མུ་ཏིག་འཕྲེང་མཛེས་དང་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གི་སུམ་རྟགས་བཞེད་མཚམས་གསལ་བའི་སྒྲོན་མེ་སོགས་སུམ་ཅུ་པའི་གཞུང་གསར་རྙིང་གྲགས་ཆེ་བ་བཞི་བཅུ་ཙམ་ནས་པྲ་ཏིའི་འགྲེལ་ཚུལ་དང་མི་འདྲ་བའི་འགྲེལ་ལུགས་ཐ་དད་དང༌དགག་བཞག་དཔྱད་བརྗོད་གང་ཡོད། དེའི་གཤམ་དུ་འདི་གའི་སློབ་ཐོན་མཐོ་རིམ་རིག་གནས་རབ་འབྱམས་པ་རྣམས་ཀྱི་དཔྱད་རྩོམ་བཅས་མཐར་ཆགས་སུ་བཀོད་པའི་རིམ་པ་ནི། དང་པོ། སུམ་ཅུ་པའི་འགྲེལ་ཆེན་རྣམ་གཉིས་ཏེ་པྲ་ཏིའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་དང༌། སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། གཉིས་པ། ༸སྐྱབས་མཆོག་ཀིརྟི་རིན་པོ་ཆེའི་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གི་གསུང་སུམ་རྟགས་བཞེད་མཚམས་གསལ་བའི་སྒྲོན་མེ། གསུམ་པ། སུམ་ཅུ་པའི་འགྲེལ་པ་གསར་རྙིང་ཁག་ཅིག་གི་དཔྱད་པ་ཞེས་པའི་ཁོངས། ཀ༽ ལྕེ་ཁྱི་འབྲུག་གིས་བསྒྱུར་པའི་གནས་བརྒྱད་རྩ་འགྲེལ། ཁ༽ སྨྲí་ཏི་ཛྙ་ན་ཀིརྟིའི་སྨྲ་སྒོ་མཚོན་ཆ་རྩ་འགྲེལ། ག༽ ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱི་མཁས་པའི་ཁ་རྒྱན་དང་སྒྲ་འཇུག་སོགས། ང༽ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སུམ་ཅུ་པའི་རྣམ་འགྲེལ། ཅ༽ རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ། ཆ༽ ལྕང་སྐྱ་རོལ་པའི་རྡོ་རྗེའི་སུམ་འགྲེལ་བློ་ལྡན་དགའ་བསྐྱེད། ཇ༽ ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བློའི་རྟགས་འཇུག་འགྲེལ་པ་རབ་གསལ་སྣང་བ། ཉ༽ གཙོས་ཁྲི་ཆེན་བློ་བཟང་རྒྱལ་མཚན་སེངྒེའི་སུམ་འགྲེལ་ཉིན་མོའི་སྣང་བ། ཏ༽ ཨ་ལག་ཤ་ངག་དབང་བསྟན་དར་གྱི་སུམ་རྟགས་འགྲེལ་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད་དང་ཡིག་བཤད་མཁས་པའི་ཁ་རྒྱན། ཐ༽ རྡོ་རིང་པཎྜིཏ་བསོད་ནམས་བསྟན་འཛིན་གྱི་སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན། ད༽ དངུལ་ཆུ་དྷརྨ་བྷ་དྲའི་སི་ཏུའི་ཞལ་ལུང༌དང་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ། ན༽ དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་གི་རང་འགྲེལ། པ༽ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག ཕ༽ ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས། བ༽ ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ་དམ་པ། མ༽ དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེའི་སུམ་རྟགས་དཀའ་འགྲེལ། ཙ༽ འཇམ་དཔལ་རོལ་པའི་བློ་གྲོས་ཀྱི་སུམ་འགྲེལ་རབ་གསལ་ཟླ་སྣང༌། ཚ༽ ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སུམ་རྟགས་དཔེར་བརྗོད་ཡིད་འཕྲོག་མེ་ཏོག་གསར་པའི་མལླི་ཀ ཛ༽ ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང༌། ཝ༽ རྡོ་རྗེ་རྒྱལ་པོའི་སུམ་རྟགས་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ། ཞ༽ དམུ་དགེ་བསམ་གཏན་གྱི་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན། ཟ༽ ཨ་ཁུ་བསྟན་པ་རྒྱ་མཚོའི་ལ་དོན་གྱི་གནད་དོན། འ༽ འབྲས་སྤུངས་ཚོགས་ཆེན་ཁྲི་ཟུར་གུང་རུ་བསྟན་པ་བསྟན་འཛིན་གྱི་སུམ་རྟགས་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག ཡ༽ རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་སུམ་རྟགས་དཀའ་འགྲེལ་དོན་གསལ་མེ་ལོང༌། ར༽ མཁྱེན་རབ་འོད་གསལ་གྱི་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ། ལ༽ ༸སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས་ཀྱི་གསུང་འབུམ་ཆ་པར་བཞུགས་པའི་རྣམ་དབྱེའི་དཔེར་བརྗོད་ཚིགས་བཅད་མ། ཤ༽ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སུམ་ཅུ་པ། ས༽ རིགས་སློབ་དབུ་དགེ་འབྲས་ཕུ་ཁང་བློ་བཟང་རྒྱ་མཚོའི་སུམ་རྟགས་རྒྱས་བཤད་རིན་ཆེན་བང་མཛོད། ཧ༽ དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན། ཨ༽ དོར་ཞི་གདོང་དྲུག་སྙེམས་བློའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་རྣམ་དབྱེ་བཤད་པ་བློ་སྒོ་འབྱེད་པའི་ལྡེ་མིག་དང་ཚིག་ཕྲད་ཀྱི་རྣམ་གཞག་བཤད་པ་གསར་སློབ་བདེ་ལམ། ཀི༽ ལྕགས་ཐར་རྒྱལ་གྱི་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་བཅས་སུམ་ཅུ་པའི་གཞུང་གསར་རྙིང་བཞི་བཅུ་ཙམ་ལས་འགྲེལ་ཚུལ་མ་འདྲ་བ་གང་ཡོད་བཀོད། བཞི་པ། འདི་ག་ཆེས་མཐོའི་སློབ་གཉེར་ཁང་གི་རིག་གནས་རབ་འབྱམས་པ་སྐབས་དང་པོ་ནས་བཅུ་པའི་བར་གྱི་སློབ་ཐོན་རིམ་པས་མཐར་ཕྱིན་རྒྱུགས་སྤྲོད་ཀྱི་ངོ་བོར་བྲིས་པའི་དཔྱད་བརྗོད་རྩོམ་ཡིག་ཁག་ལས་དཔྱད་ཕྱོགས་མི་འདྲ་བ་ཡོད་རིགས་རྣམས་འདེམས་སྒྲུག་གིས་བཀོད་པ་དང༌། རྒྱུགས་སྤྲོད་དཔྱད་རྩོམ་སྔ་ཕྱིའི་ནང་མ་ཐོན་པའི་དཔྱད་གཞི་གལ་ཆེན་རེ་ཟུང་ཐོག་སློབ་གཉེར་པ་འགའ་ཤས་ལ་གསར་དུ་དཔྱད་རྩོམ་འབྲིར་བཅུག་ཅིང༌། འདི་གའི་དཔྱད་རྩོམ་དུས་དེབ་དཔྱད་རྩོམ་རིག་པའི་རྩལ་ཕྲེང་སོགས་ནས་ཀྱང་ཁ་སྐོང་བྱས།


                  པྲ་ཏི་དང་སི་ཏུའི་སུམ་ཅུ་པའི་འགྲེལ་ཆེན་རྣམ་གཉིས་ནི་འགྲེལ་པ་གཞན་ལས་ལྷག་པའི་ཟབ་གསལ་དག་གསུམ་གྱི་ཁྱད་ཆོས་མང་བར་བརྟེན་བོད་ཁམས་སྟོད་སྨད་ཀུན་ཏུ་བརྡ་སྤྲོད་སློབ་པ་རྣམས་ཀྱི་ཐུན་མོང་གི་བསླབ་གཞིར་གྱུར་པའི་གཞུང་གྲགས་ཆེ་བ་གཉིས་ཡིན་ལ། དེའང་ཡུལ་ཕྱོགས་སོ་སོར་དེ་གཉིས་ཀྱི་ཁྲིད་རྒྱུན་གཙོ་ཆེ་ཆུང་གི་ཁྱད་པར་ཕྲན་བུ་རེ་ཡོད་པ་ལྟར། མདོ་སྨད་ལྷོ་རྒྱུད་ཀྱི་ཀིརྟི་ཚང་གི་ཕྱོགས་སུ་པྲ་ཏི་དགེ་བཤེས་ཀྱི་འགྲེལ་པའི་ཁྲིད་རྒྱུན་གཙོ་བོར་དར་བས་འདིར་ཡང་པྲ་ཏིའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་གཙོ་བོར་བཟུང༌། དེ་གཙོ་བོར་བྱས་པས་སི་ཏུ་སོགས་མཁས་པ་གཞན་གྱི་དཔྱད་པ་འགོད་སྐབས་པྲ་ཏི་དང་མི་འདྲ་བ་གང་ཡོད་གཙོར་འདོན་གྱིས་བཀོད་པར་བརྟེན་སྐབས་རེར་སི་ཏུ་སོགས་ཀྱི་དཔྱད་པ་ཟུར་དུ་མེད་པའང་ཡོད། མཁས་པའི་དཔྱད་པ་དེ་དག་ནང་ཡིག་སྐྱོན་ཡིན་ངེས་པ་འགའ་རེ་མ་གཏོགས་གཞན་ཚིག་དོན་གང་ལའང་བཟོ་བཅོས་བྱས་མེད་ལ། མཐའ་ན་པ་བའི་ཐོབ་ཐང་དང་ཤད་སྦྱོར་སྟངས་ཚུན་ཆད་མཁས་པ་རང་རང་གི་གཞུང་ན་ཇི་ལྟར་འཁོད་པ་བཞིན་རང་སོར་བཞག་ཡོད། རྣམ་དབྱེ་འཕྲོས་དོན་དང་བཅས་པའི་ལེ་ཚན་ནང་རྣམ་དབྱེ་སྤྱི་བཤད་དང༌། ཚིག་ཕྲད་སྤྱི་བཤད། རྣམ་དབྱེ་དང་པོའི་སྐོར་གསུམ་པྲ་ཏིའི་འགྲེལ་པའི་ས་བཅད་དུ་མེད་ཀྱང་ཉེ་བར་མཁོ་བར་མཐོང་ནས་ཞར་བྱུང་གི་ཚུལ་དུ་ལེ་ཚན་དེའི་དབུར་བཀོད་ཡོད། གཞན་ཡང་སྙན་ངག་མ་གཏོགས་སུམ་རྟགས་སྐབས་སུ་དཔེར་བརྗོད་ཚིགས་བཅད་དུ་བཀོད་པ་ཤིན་ཏུ་དཀོན་པས་འགའ་ཞིག་ཡོད་པ་རྣམས་ཆེད་གཉེར་གྱིས་བཀོད་ཡོད་ལ། ལ་དོན་སྐབས་མ་གཏོགས་གཞན་ལ་དཔེར་བརྗོད་མི་མཐུན་པ་དེ་ཙམ་མི་འབྱུང་བས་ལ་དོན་སྐབས་ཁོ་ནར་དཔེར་བརྗོད་རྣམས་ཟུར་བཀོད་བྱས་ཡོད། འགྲེལ་ཆེན་རྣམ་གཉིས་ཀྱི་དཔེར་བརྗོད་རྣམས་སོ་སོའི་བཤད་པའི་སྐབས་ཆབས་ཅིག་ཏུ་བྱུང་བས་བསྐྱར་བཀོད་མ་བྱས།


                སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་པ་ནི། གཅིག བོད་ཀྱི་བརྡ་སྤྲོད་ལོ་རྒྱུས་ཐོག་སུམ་ཅུ་པའི་གཞུང་ལ་མཁས་པ་སྔ་ཕྱི་མང་པོས་མཐའ་དཔྱད་པའི་གསུང་འགངས་ཅན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐོག་མ་ཆགས་ཡོད་པ་དང༌། གཉིས། རྩ་ཚིག་འགྲེལ་བཤད་ཐད་བོད་ཀྱི་བརྡ་སྤྲོད་ལོ་རྒྱུས་ཐོག་སྟོད་ལ་མཁས་པ་ཞ་རྣམ་གཉིས་དང་སྨད་ལ་མཁས་པ་པྲ་སི་གཉིས་ཞེས་ཡོངས་སུ་གྲགས་པ་སོགས་མཁས་པ་གྲགས་ཅན་དག་གིས་མཛད་པའི་སུམ་འགྲེལ་བཞི་བཅུ་ཙམ་གྱི་འགྲེལ་ལུགས་སམ་བཞེད་མཚམས་ཆ་ཚང་བ་ཕལ་ཆེར་གསལ་བ། གསུམ། མཐའ་དཔྱད་པ་དེ་དག་ཀྱང་རྩོམ་པ་པོ་སོ་སོའི་ལུང་རིགས་ཉམས་མྱོང་སུམ་སྒྲིལ་བྱས་ཏེ་བརྩམས་པས་དཔྱད་པ་དོན་དངོས་ལ་གཞོལ་བའི་བདེན་ཚད་མཐོ་བ། བཞི། གནའ་དེང་གི་བརྡ་སྤྲོད་གཞུང་ལུགས་ཚད་ལྡན་གྲགས་ཅན་གང་མང་ཞིག་གི་སྙིང་དོན་འཁོད་ཡོད་སྟབས་བརྡ་སྤྲོད་སློབ་ཞིབ་བྱེད་མཁན་ཕྱི་རབས་པ་རྣམས་ལ་དཔྱད་གཞི་འབོར་ཆེན་མཁོ་འདོན་བྱེད་ཐུབ་ཡོད། ལྔ། བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོ་སུམ་ཅུ་པའི་དཀའ་གནད་ཁག་གི་ཐད་མཁས་པ་མང་པོའི་འགྲེལ་ཚུལ་གཅིག་ཏུ་སྤུངས་པས་དཀའ་གནད་ཀྱི་མདུད་རྒྱ་རང་སར་གྲོལ་ཏེ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རིང་དུ་སྤོང་བའི་ཁྱད་ཡོན་དང་ལྡན་པ་བཅས།


                 སྤྱིར་ཕྱི་ལོ་ ༡༩༩༢ ནས་ ༢༠༠༩ བར་མིི་ལོ་བཅོ་བརྒྱད་རིང་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་འཛིན་སྐྱོང་དར་སྤེལ་ཆེད་འདི་ག་གྲྭ་ཚང་ནས་རྩོམ་དེབ་སྣ་མང་རྩོམ་སྒྲིག་དང་དཔར་བསྐྲུན་འགྲེམས་སྤེལ་གྱིས་རྩོམ་དེབ་བརྒྱ་ཐམ་པ་ལོངས་མཚམས། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བཞིན། ཕྱི་ལོ་ ༢༠༠༩ ལོར་<<སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་>>འདི་ཉིད་ཐེངས་དང་པོ་དཔར་དུ་བསྐྲུན་ཞིང་། ཕྱི་ནང་གི་དོན་གཉེར་ཅན་མང་པོས་ཐུགས་སྣང་རྒྱ་ཆེར་གནང་བར་བརྟེན། ད་ལམ་གུས་ཅག་རྩོམ་སྒྲིག་ཁང་གིས་སུམ་ཅུ་པའི་མཐའ་དཔྱོད་འདི་ཉིད་ཀྱི་གཞུང་ཁུངས་སོ་སོའི་མ་ཕྱི་གསར་རྙིང་མི་འདྲ་བ་སུམ་ཅུ་ལྷག་འཚོལ་བསྡུ་དང་། དེ་དག་ལ་ཞིབ་ནན་གྱིས་བསྡུར་ཏེ་ཡིག་ནོར་དང་ཆད་ལྷག་ཡིན་ངེས་རིགས་བཅོས་ནས་ཐེངས་གཉིས་པ་དཔར་དུ་བསྐྲུན་པ་ལགས་ན། བློ་མིག་ཡངས་པའི་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་སྐྱོང་ཡོང་རེ་བཅས།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༣ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.