སྔོན་གླེང་།

 

011༄༅།། འཛམ་གླིང་སྣེ་གསུམ་ཞེས་ས་མཐོའི་རྩེ་མོར་གནས་པའི་གངས་རིའི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་འགའི་གོང་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་སྣ་ཚོགས་དང་བརྡ་སྤྲོད་གཞུང་ལུགས་སོགས་མཆིས་པར་བརྗོད་ཀྱང་། ཕྱི་ལོའི་དུས་རབས་བདུན་པའི་གོང་བོད་ལ་བརྡ་སྤྲོད་གཞུང་ལུགས་ཡོད་པའི་དཔྱད་གཞིའི་ཡིག་ཆ་ཡིད་རྟོན་རུང་བ་ཞིག་ད་བར་བྱུང་མེད། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལྟར་ཐོན་མི་སམ་བྷོ་ཊས་བོད་བྱིངས་ལ་ཁྱབ་པའི་བོད་ཡིག་གསར་གཏོད་དང་སུམ་རྟགས་གཉིས་ཀྱི་གཞུང་ལུགས་སོགས་མཛད་པ་དེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཐོག་མར་གྲགས། སྤྱིར་རྒྱ་བོད་དབྱིན་གསུམ་གྱིས་མཚོན་ཡི་གེ་གང་ཞིག་ཡིན་ཡང་ཚིག་གི་དག་ཆས་དོན་གྱི་གནད་འབྱིན་པས་ཡི་གེའམ་ཡིག་འབྲུ་མ་དག་ན་དོན་ཡང་ཕྱིན་ཅི་ལོག་ཏུ་གོ་འགྲོ་བས་སྔོན་བྱོན་ཆོས་རྒྱལ་དང་ལོ་པཎ་ཚོས་བཀས་བཅད་རིམ་པ་གསུམ་གྱིས་གཏན་ཕབ་དང་། ལྷག་པར་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ལོ་པཎ་མང་པོས་མདོ་དང་བསྟན་བཅོས་ཀྱི་ཆོས་སྐད་རྒྱ་གར་སྐད་ལས་བོད་བསྒྱུར་བྱས་པ་རྣམས་ཕྱོགས་བསྒྲིགས་སྐད་གཉིས་ཤན་སྦྱར་བྱེ་བྲག་རྟོག་བྱེད་ཆེ་ཆུང་དང་། པཎྜི་ཏ་ཛི་ན་མི་ཏྲ་དང་དཱ་ན་ཤི་ལ། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་སོགས་ལོ་པཎ་ཚོས་སྒྲ་རིག་པའི་བསྟན་བཅོས་སྒྲ་སྦྱོར་བམ་གཉིས་སོགས་མཛད།


           བསྟན་པ་ཕྱི་དར་གྱི་དུས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དག་ཡིག་མདོར་བསྡུས། གཙང་ནག་པ་ཐུགས་རྗེ་སེངྒེས་དག་ཡིག་བདུད་རྩིའི་ཆུ་རྒྱུན་སོགས་སྔོན་བྱོན་མཁས་གྲུབ་མང་པོས་དག་ཡིག་རྩ་འགྲེལ་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་མཛད་པ་མཇལ་དུ་མཆིས་པ་ལས་ས་པཎ་གྱི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་འདི་ཁུངས་བཙུན་ཞིང་རྒྱུན་སྤྱོད་ཐ་སྙད་སྣ་ཚོགས་ཀྱི་ནོར་བུས་གཏམས་པའི་རྒྱ་མཚོ་ལྟ་བུ་མིང་རྣམས་ཕྲེང་བསྒྲིགས་ཚིགས་བཅད་དུ་སྡེབ་པ་ཤ་སྟག་ཡིན་སྟབས་བློ་ངོར་འཛིན་བདེ་ཞིང་། བོད་ཡིག་གསར་སློབ་ལས་དང་པོ་པ་རྣམས་བོད་ཀྱི་བརྡ་དག་གི་གནས་ལ་བདེ་བླག་ངང་འཇུག་སླ་བའི་དམིགས་བསལ་ཁྱད་ཆོས་དུ་མ་མཆིས་པར་གཟིགས་ནས། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་བཞེད་ལམ་སྟོན་འོག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདིར་བོད་ཀྱི་གནའ་བོའི་རིག་གཞུང་རྙིང་པ་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གཙིགས་འཛིན་གྱིས་སློབ་སྦྱོང་གོ་སྐབས་སྤྲོད་ཀྱིན་ཡོད་སྟབས། རྩ་གཞུང་འདི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདིའི་དངོས་གཞིའི་འཛིན་གྲྭར་མ་ཞུགས་གོང་གི་སྔོན་འགྲོའི་སློབ་ཚན་དུ་བཞག་ཡོད་ཅིང་། ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཀྱི་ཚུལ་དུ་རྩ་གཞུང་འདི་ལ་དེ་སྔ་སྤྱི་འགྲེལ་དང་མཆན་འགྲེལ་སོགས་ཀྱི་ཚུལ་དུ་བརྩམས་པའི་འགྲེལ་གཞུང་ཞིག་མེད་སྟབས་འདི་གའི་མཐོ་རིམ་རིག་གནས་རབ་འབྱམས་པ་སོ་རུ་བློ་བཟང་དར་རྒྱས་ཀྱིས་ཕྱི་ལོ་ ༡༩༩༩ ལོར་ <<འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་དག་སྡེབ་རིན་ཆེན་རྒྱ་མཚོའི་མཆན་འགྲེལ་བློ་གསར་དགྱེས་པའི་དཔྱིད་དཔལ་>> ཞེས་པ་འདི་བརྩམས། ཕྱི་ལོ་ ༢༠༠༡ ལོར་གྲྭ་ཚང་གི་གསར་སློབ་ལས་དང་པོ་པ་ཚོར་ཟུར་བལྟའི་ཡིག་ཆར་དགོས་མཁོ་ཆེ་བར་མཐོང་ནས་འདེམས་སྒྲུག་གིས་ཐེངས་དང་པོ་པར་འགྲེམས་བྱས་པར་མ་ཟད། ཕྱི་ལོ་ ༢༠༠༢ ལོར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གཞུང་གི་སློབ་ཚན་དངོས་གཞིའི་ནང་དུ་ཡང་གཏན་འབེབས་བྱས། མཆན་འགྲེལ་དེ་ཉིད་པར་ཐེངས་གཉིས་པ་(ཕྱི་ལོ་༢༠༠༥)ཡང་ལོ་ཤས་གོང་ནས་རྫོགས་ཟིན་པར་བརྟེན་འདི་ལོར་རྩོམ་སྒྲིག་སྡེ་ཚན་ནས་དེ་ཉིད་གཞིར་བཟུང་སྟེ་ཞུ་སྒྲིག་གིས་སྤྱི་ཚོགས་ཀྱི་དགོས་གལ་ལ་དམིགས་བསྐྱར་པར་བྱེད་སྐབས། དཔེ་སྒྲིག་པའི་ཉམས་མྱོང་དང་ཤེས་ཡོན་གྱི་གནས་བབ་སོགས་ལ་བརྟེན་གང་ཅིའི་ཐད་སྐྱོན་ནོར་རེ་ཟུང་ཤོར་ཡོད་ངེས་ལགས་ན་བོད་མི་རིགས་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་ཞིང་བློ་གྲོས་ཀྱི་འཇུག་པ་མཁའ་ལྟར་ཡངས་པའི་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་སྐྱོང་ཡོང་བ་ཞུ།
               འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.