སྔོན་གླེང་།


Front Cover copy༄༅།། སྔོན་བྱོན་ཆོས་རྒྱལ་ལོ་པཎ་ཚོའི་བཀའ་དྲིན་ལ་བརྟེན་ནས་གངས་ལྗོངས་མུན་པའི་གླིང་དུ་རྒྱལ་བསྟན་ཉི་འོད་བཞིན་གསལ་བར་མཛད་ན་ཡང་། སྤྱིར་སྐྱེ་འགྲོ་ཡོངས་དང་ཡང་སྒོས་ཁ་བ་གངས་ཅན་པ་རྣམས་ཀྱི་སྔོན་བསགས་བསོད་ནམས་དམན་པའི་དབང་གིས་རང་ཡུལ་བསིལ་ལྡན་ལྗོངས་ཀྱི་སྣོད་བཅུད་གཉིས་ཀར། སྔོན་སྲིད་པ་ཆགས་ནས་བཟུང་རང་རེའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་བོད་ས་ཕྱོགས་ཡོངས་ནག་ཕྱོགས་ཀླ་ཀློའི་དཔུང་གི་མགོ་འཕང་མཐོ་འགོ་བརྩམས་ཤིང་། བོད་བསྟན་པ་ཆབ་སྲིད་མི་རིགས་དང་བཅས་པར་བསམ་བརྗོད་ལས་འདས་པའི་གོད་ཆག་ཆེན་པོ་བྱུང་སྐབས། ༸གོང་ས་༸སྐྱབས་མགོན་ ༸རྒྱལ་བའི་དབང་བོ་མཆོག་གིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་སོ་སོའི་འདུལ་བྱའི་ཞིང་ཁམས་བསྐྱུར་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་དགོས་བྱུང་བའི་ཆེས་གཉན་འཕྲང་གི་དུས།


             ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས། ཕྱི་ལོ་ ༡༩༩༢ ལོར་བཞུགས་སྒར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་མཛད་དེ་ཆོས་བརྒྱུད་དང་དགོན་སྡེ་རིས་མེད་ནས་འདིར་ཕེབས་དགེ་འདུན་པ་གཞོན་སྐྱེས་རྣམས་ཤེས་ཡོན་ཅན་ཞེ་གཅིག་ཏུ་བསྐྱེད་བསྲིང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླར་གསོའི་ཐད་ཕྱག་རྗེས་རླབས་ཆེན་འཇོག་གནང་མཛད་པ་ལ། བོད་གཞིས་བྱེས་གཉིས་ནས་གཟུ་བོར་གནས་པའི་མཁས་པ་དང་ཤེས་ཡོན་ཅན་མང་པོས་ཚད་མཐོའི་གདེང་འཇོག་གིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་ཙམ་ལ་ཐུགས་ཡིད་ཚིམས་གནང་མ་མཛད་པར། སྡེ་འདིར་ཡང་མདོ་སྔགས་རིག་གནས་གནས་དང་བཅས་པ་ཆ་ཚང་བ་སློབ་མ་སོ་སོའི་རང་གི་བློ་ཚོད་དང་བསྟུན་པའི་སྒོ་ནས་སློབ་གཉེར་གནང་དགོས་པ་གལ་ཆེར་གཟིགས་ནས། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༢༦ ཉིན་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་མཁན་རྣམས་དམིགས་སུ་བཀར་ནས་ཐེངས་དང་པོའི་རིགས་ལམ་འཛིན་གྲྭ་གཉིས་ཆེད་དུ་ཟུར་འཛུགས་མཛད།

                  སྐབས་དེར་འདི་གའི་རིགས་ལམ་འཛིན་གྲྭར་ཞུགས་མཁན་ཕལ་ཆེ་བར་རིགས་ལམ་གྱི་རྨང་གཞི་མེད་པར་མ་ཟད་རྩོད་གྲྭའི་རྒྱུན་ཤེས་ཙམ་ཡང་མཐོང་ཐོས་ཤིན་ཏུ་དཀོན་པའི་ཁོར་ཡུག་ནང་འཚར་ལོང་བྱུང་བར་བརྟེན། ལས་དང་པོ་པ་རྣམས་ལ་རིགས་ལམ་སློབ་གཉེར་གནང་སྟངས་སྐོར་གྱི་ <<བསྡུས་གྲྭའི་སྔོན་འགྲོའི་སྦྱོར་བ་བློ་གསལ་འཇུག་ངོགས་>> འདི་ལྟ་བུ་ཞིག་རྩོམ་དགོས་ཞེས་༸སྐྱབས་མགོན་རྡོ་རྗེ་འཆང་གིས་བཀའ་བསྩལ་སྤྱི་ཕེབས་ལྟར། འདི་གའི་རིགས་ལམ་དགེ་རྒན་བློ་བཟང་དཀོན་མཆོག་རྒྱ་མཚོ་མཆོག་གིས་གསར་སློབ་ལས་དང་པོ་པ་ཚོར་མཁོ་གནད་ཆེ་བ་ཡུལ་དང་ཡུལ་ཅན་སོགས་ཆོས་ཅན་སྤྱི་བྱེ་དུ་མའི་མཚན་ཉིད་དང་། དབྱེ་བ། མཚན་གཞི། ཁྱབ་པ་སྒོ་བརྒྱད། མུ་བཞི་བརྩི་ཚུལ། རིགས་ལམ་གཏོང་ཚུལ། ལན་ཇི་ལྟར་འདེབས་ཚུལ་སོགས་གསལ་བའི་སྤྱི་བྱེའི་བཤད་པ་དང་།

                 ༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་བཀའ་རྩོམ་ཟིན་བྲིས། དགེ་ཚུལ་སློང་ཞིག་ཡིན་དུས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་སྡོམ་པ་ལེན་དགོས་པར་བརྟེན་གསར་སློབ་རྣམས་ཀྱིས་སྐྱབས་འགྲོའི་ངོ་བོ་དང་གྲངས་འདྲེན། འགག་སྒྲུབ་ཀྱི་བསླབ་བྱ་དང་། སྐྱབས་སུ་སོང་བའི་ཕན་ཡོན་བརྒྱད། མཁན་སློབ་དགེ་འདུན་དང་བཅས་པའི་དྲུང་ནས་ཇི་ལྟར་ཁས་བླངས་པ་བཞིན་སྤང་བླང་འཇུག་ལྡོག་ཚུལ་བཞིན་སོགས་ཤེས་ཆེད། བླངས་འདས་སོ་དྲུག་རེ་རེ་བཞིན་ངོ་སྤྲོད་དང་འགྲེལ་བཤད་གནང་བ་ཞིག་དང་། དགེ་ཚུལ་ཕྱིར་བཅོས། སྐུ་བཅར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་རྣམས་ཀྱི་ཉིན་རེའི་བྱེད་སྒོ་གཏན་འབེབས་མཛད་པ། ཐུགས་སྣང་རྒྱུན་དུ་མཛད་དགོས་པའི་དོན་ཚན་འགའ་ཤས། ཞེས་པ། (ཕྱི་ལོ་ ༢༠༠༠ ལོར་བོད་ནང་གི་རྩོམ་པ་པོ་འགས་ཕྱོགས་བསྒྲིགས་བྱས་པ་ལྟ་བ་བསམ་བློ་ལག་ལེན་ཞེས་པའི་དེབ་གྲགས་ཅན་གྱི་ནང་དུ་དཔར་སྐྲུན་ཟིན་པ།) བཅས་ལྷན་ཐབས་སུ་བཀོད་པའི་དེབ་ཆུང་འདིས་ཕན་ཐོགས་མི་དམན་པ་བྱུང་སྟེ་པར་ཐེངས་དང་པོ་ལོ་འགའི་གོང་ནས་རྫོགས་ཟིན།


                   དེང་སང་རྡོར་གླིང་སུ་ཁེ་ཀིརྟི་དགོན་གྱི་གྲྭ་གཞོན་གང་མང་ཞིག་སློབ་གཉེར་ཆེད་འདི་གར་ཕེབས་བཞིན་པ་ཚོར་དཔེ་དེབ་འདི་དགོས་མཁོ་ཆེ་བས་པར་ཐེངས་གཉིས་པ་ <<ལེགས་བཤད་འོད་དཀར་ཕྲེང་བ།>> དེབ་ཕྲེང་བདུན་པའི་ནང་པར་འགྲེམས་སྐབས་རྩོམ་པ་པོས་བསྐྱར་བཅོས་གང་དགོས་བྱས་པ་སོར་འཇོག་གིས་ད་ལམ་ཐེངས་གཉིས་པ་བསྐྱར་པར་བྱས་ཡོད་པ་བཅས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས།

            ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༨ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.