སྔོན་གླེང་།


022༄༅།། སྤྱིར་ཆོས་འབྱུང་ཞེས་པ་ནི་ཡུལ་གྲུ་སོ་སོར་ཐོག་མར་ཆོས་ལུགས་ཇི་ལྟར་དར་རྒྱས་བྱུང་ཚུལ་གཙོ་བོར་བཤད་པ་ཞིག་སྟེ། ཐོག་མར་ཆོས་སྟོན་པ་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོགས་གསལ་བར་བྱེད་པ། བར་དུ་ཆོས་ལུགས་སོ་སོའི་རྗེས་འབྲངས་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱིས་བསྟན་ལ་བྱ་བ་ཇི་ལྟར་མཛད་ཚུལ། མཐར་ཆོས་ལུགས་གྲུབ་མཐའ་སོ་སོའི་དར་འཕེལ་དང་ཉམས་རྒུད་སོགས་ཀྱི་གནས་སྟངས་རིམ་བྱུང་གསལ་པོར་བཀོད་པ་ཞིག་རེད།

                བྱེ་བྲག་སྐབས་འདིའི་ཆོས་འབྱུང་ཞེས་པའི་ཆོས་ནི། བྱང་ཆུབ་ལམ་རིམ་ཆེན་མོ་ལས། ལས་དང་པོ་པའི་དུས་ཀྱི་སྐྱོན་ཕྱོགས་རེ་ཙམ་སྤོང་བའི་སྤངས་པ་དང་། ཡོན་ཏན་ཕྱོགས་རེ་ཙམ་བསྒྲུབ་པའི་རྟོགས་པ་གཉིས་གོང་ནས་གོང་དུ་ཁྱད་ཞུགས་པར་སོང་བ་ལ་འཇོག་གི། དེ་ལས་གཞན་གློ་བུར་དུ་འབྱུང་བ་མིན་ནོ། ཞེས་དང་། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུང་གི་དགོས་པ་གཙོ་བོར་བསྟན་པའི་ཆོས་འབྱུང་བོད་གངས་ཅན་ལྗོངས་སུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་རིམ་བྱོན་གྱིས་བརྩམས་པ། བུ་སྟོན་རིན་པོ་ཆེའི་<<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་>>དང་། ཉང་ཉི་མ་འོད་ཟེར་གྱི་<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།>> ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་<<ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད།>> སྤྱན་སྔ་དོན་དཔལ་གྱི་<<ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད།>> འགོས་ལོ་གཞོན་ནུ་དཔལ་གྱི་<<དེབ་ཐེར་སྔོན་པོ།>> དཔའ་བོ་གཙུག་ལག་ཕྲེང་བའི་<<ཆོས་འབྱུང་མཁས་པའི་དགའ་སྟོན།>> སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་<<ཆོས་འབྱུང་དཔག་བསམ་ལྗོན་བཟང་།>> ཀུན་མཁྱེན་འཇིགས་མེད་གླིང་པའི་<<རྙིང་མ་རྒྱུད་འབུམ་གྱི་ཆོས་འབྱུང་།>> ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་<<བཀའ་གདམས་ཆོས་འབྱུང་།>> དཔལ་ས་སྐྱའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་<<ས་སྐྱའི་ལམ་འབྲས་ཆོས་འབྱུང་།>> ཕན་བདེ་ཤཱཀྱ་ལྷ་དབང་གི་<<ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང་།>> ཇོ་ནང་ཏཱ་ར་ནཱ་ཐའི་<<རྒྱ་གར་ཆོས་འབྱུང་།>> པཎ་ཆེན་བསོད་ནམས་གྲགས་པའི་<<འདུལ་བའི་ཆོས་འབྱུང་།>> པཎ་ཆེན་བསོད་ནམས་གྲགས་པའི་<<དགའ་ལྡན་ཆོས་འབྱུང་།>> ས་སྐྱའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་<<དབུ་མའི་ཆོས་འབྱུང་།>> རྟ་ཚག་ཚེ་དབང་རྒྱལ་གྱི་<<ལྷོ་རོང་ཆོས་འབྱུང་།>> སྟག་ལུང་ངག་དབང་རྣམ་རྒྱལ་གྱི་<<ཆོས་འབྱུང་ངོ་མཚར་རྒྱ་མཚོའམ་སྟག་ལུང་ཆོས་འབྱུང་།>> གུ་རུ་བཀྲ་ཤིས་ཀྱི་<<གུ་བཀྲའི་ཆོས་འབྱུང་།>> ཤེལ་དཀར་པ་ངག་དབང་སྐལ་ལྡན་རྒྱ་མཚོའི་<<ཤེལ་དཀར་ཆོས་འབྱུང་།>> བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་<<མདོ་སྨད་ཆོས་འབྱུང་།>> བདུད་འཇོམས་ཡེ་ཤེས་རྡོ་རྗེའི་<<བདུད་འཇོམས་ཆོས་འབྱུང་།>> ཞེ་ཆེན་རྒྱལ་ཚབ་ཁྲི་རབས་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་<<ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་།>> འབྲས་སྤུངས་མཁན་ཁྲི་བསྟན་པ་བསྟན་འཛིན་གྱི་<<འབྲས་སྤུངས་སྒོ་མང་ཆོས་འབྱུང་།>> རྫོང་རྩེ་བྱམས་པ་ཐུབ་བསྟན་གྱི་<<ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་འབྱུང་།>> དགེ་སློང་ཐུབ་བསྟན་འཇམ་དབྱངས་ཀྱིས་ཕྱོགས་བསྒྲིགས་བགྱིས་པའི་<<རྫོང་ཆོས་ཆོས་འབྱུང་བདུད་རྩིའི་ཟིལ་མངར།>> ངག་དབང་བློ་གྲོས་གྲགས་པའི་<<ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ།>> དགེ་བཤེས་དགེ་འདུན་བློ་གྲོས་ཀྱི་<<འབྲས་སྤུངས་ཆོས་འབྱུང་།>> དཔལ་ལྡན་ཚུལ་ཁྲིམས་ཀྱི་<<ཆོས་འབྱུང་ཀུན་གསལ་མེ་ལོང་།>> གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་<<ས་སྐྱའི་ཆོས་འབྱུང།>> དགེ་རྒན་འོས་སྦྱོང་སྐབས་དང་པོའི་སྐབས་སུ་ཕྱོགས་བསྒྲིགས་བྱས་པའི་<<ཆོས་འབྱུང་ནོར་བུའི་ཕྲེང་བ་>>སོགས་གངས་ལྗོངས་མཁས་དབང་རིམ་བྱོན་གྱིས་ལྗགས་རྩོམ་མཛད་པ་ལས་དཔེར་མཚོན་དུ་བཀོད་པའི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་འབྱུང་རྣམས་སུ་གཙོ་བོ་ཆོས་དང་ཆོས་ཀྱི་བྱུང་གནས་འཕེལ་གསུམ་གྱི་ལོ་རྒྱུས་གསལ་བཀོད་ཤ་སྟག་ཡིན།


                 དེ་ལྟ་བུའི་ཆོས་འབྱུང་ཁག་ལས་བསྟན་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་འདི་ཉིད་འཛམ་གླིང་སྤྱི་དང་བྱེ་བྲག་ཁ་བའི་ལྗོངས་སུ་ཇི་ལྟར་དར་ཚུལ་གྱི་བྱུང་རབས་བརྗོད་སྙིང་ལས་མགོ་བརྩམས་ཏེ་བསྟན་པ་སྤྱིའི་རྣམ་བཞག་ལ་གོ་བ་རགས་ཙམ་ཞིག་ཆགས་ཐུབ་ན་སྐྱབས་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་གི་བཀའ་དྲིན་དང་མི་རིགས་རང་ཉིད་ཀྱི་རིག་གཞུང་གི་སྙིང་བཅུད་ཤེས་རྟོགས་བྱུང་སྟེ་ཚེ་འདིའམ་གཏན་གྱི་འདུན་མ་སྒྲུབ་པ་བཅས་ལ་འབྲེལ་བ་དམ་ཟབ་ཡོད།
གལ་གནད་འདི་ལ་དགོངས་ནས་བདག་ཅག་རྣམས་ཀྱི་འདྲེན་མཆོག་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རྒྱལ་བསྟན་དར་ཚུལ་ཡང་སྙིང་བྱས་པའི་ཆོས་འབྱུང་ཀུན་བཏུས་ཞིག་རྩོམ་དགོས་ཞེས་བཀའ་ལུང་སྤྱི་བོར་ཕེབས་དོན་ལྟར། འདི་གའི་སློབ་སྤྱི་ཟུར་པ་དང་རིག་གནས་སློབ་དཔོན་ཆེན་མོ་ཨ་མཁར་བློ་བཟང་རྒྱ་མཚོ་མཆོག་གིས་དེ་སྔ་སློབ་ཁྲིད་མཛད་ཞོར་དུ་བརྩམས་པའི་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་ལས་བརྩམས་པའི་རབ་བྱེད་བཅུ་དགུའི་བདག་ཉིད་ཅན་གྱི་གླེགས་བམ་གཅིག བོད་གངས་ཅན་གྱི་ལྗོངས་སུ་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་གྱི་བྱུང་བ་གཙོ་བོར་བརྗོད་པ་དང་བྱེ་བྲག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བྱུང་བ་དང་ལྟ་བའི་བཞེད་དགོངས་མདོར་བསྡུས་སུ་བཤད་པའི་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་གྱི་གླེགས་བམ་སྟོད་སྨད་གཉིས། བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་ལས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་གསལ་པོར་བརྗོད་པ་རབ་བྱེད་གསུམ་གྱི་བདག་ཉིད་ཅན་གྱི་གླེགས་བམ་གཅིག གདན་ས་གསུམ་གྱི་ཡིག་ཆའི་བདག་པོ་གཙོ་བོ་རྣམས་ཀྱིས་བསྟན་ལ་བྱ་བ་མཛད་ཚུལ་དང་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་པ་ལ་བྱ་བ་མཛད་ཚུལ་རབ་བྱེད་གསུམ་གྱི་བདག་ཉིད་ཅན་གྱི་གླེགས་བམ་གཅིག་བཅས་ཆོས་འབྱུང་དེབ་ཕྲེང་ལྔ་དེ་སྔོན་དཔར་བསྐྲུན་བྱས་ཟིན་ལ། བྱེ་བྲག་མདོ་སྨད་ལྗོངས་ཀྱི་ཡུལ་གྲུ་ཆེ་བ་འགའ་ཞིག་ཏུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་བརྗོད་པ་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་གྱི་ཆོས་འབྱུང་གླེགས་བམ་འདི་ཉིད།

               བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་ ༡༧ ས་ཕོ་ཁྱིའི་ལོ་ཕྱི་ལོ་ ༢༠༡༨ ལོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཚུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་དང་གཞུང་ཆེན་བཀའ་པོད་ལྔ་ལ་བསླབ་པ་མཐར་སོན་པའི་སློབ་ཐོན་ཐེངས་དང་པོའི་མཛད་སྒོ་གཉིས་དུས་གཅིག་ཏུ་ཞུ་འཆར་ཡོད་པའི་ཆ་ཤས་སུ་དམིགས་ཏེ། ད་ལམ་<<ཆོས་འབྱུང་ཀུན་བཏུས་པདྨ་དཀར་པོའི་ཆུན་པོ་བློ་གསལ་འདྲེན་བྱེད་བདུད་རྩིའི་དཔལ་ཡོན་ཞེས་བྱ་བ་>>ཞེས་པའི་དེབ་ཕྲེང་དྲུག་པར་དཔར་བསྐྲུན་བྱས།

                གུས་ཅག་ནས་རྩོམ་སྒྲིག་བྱེད་སྐབས་ནོར་འཁྲུལ་རེ་བྱུང་ཡོད་སྲིད་ན། བོད་ཀྱི་མཁས་གྲུབ་གཉིས་ལྡན་ཚོས་མཛད་པའི་ཆོས་འབྱུང་ཁག་དང་། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཆེན་མོ་སོགས་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་པའི་གཟུར་གནས་སྐྱེ་བོ་དག་གིས་དགོངས་འཆར་ལྷུག་སྩོལ་གནང་སྐྱོང་ཡོང་བ་ཞུ།


                            འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་སྒྲིག་སྡེ་ཚན་ནས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.