སྔོན་གླེང་།


044༄༅།། བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ནི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ངོམ་དུ་རུང་བའི་ཕུལ་བྱུང་གི་རིག་གནས་རྩ་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་དུ་གྲགས་པའི་མཁས་པ་གང་མང་ཞིག་གིས་ཡིད་སྨོན་དང་གདེང་འཇོག་ཀྱང་ཚད་མེད་གནང་སའི་གཞི་རུ་གྱུར་ཡོད། ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་ཆོས་འདི་གང་ལས་བྱུང་བའི་ཁུངས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང༌། འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་མཁས་དབང་རིམ་བྱོན་གྱིས་སྲེག་བཅད་བརྡར་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པའི་བསྟན་བཅོས་དག་ལ་གཏུགས་ཤིང༌། དེ་ཡང་མཁས་མཆོག་དབྱིག་གཉེན་གྱི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། རྒྱལ་བའི་ལུང་གི་བསྟན་པ་མདོ་ཕྱོགས་བཀའ་པོད་ལྔ་དང༌། སྔགས་ཕྱོགས་རྒྱུད་སྡེ་བཞིར་འདུ་བ་ཡིན། སྔོན་གྱི་བླ་མ་གོང་མ་རྣམས་ལ༑ གཞུང་ཕར་ཕྱིན་ལུང་གི་བསྟན་པའི་ཕྱི་མོ་ཡིན་པས། དབུ་མ་ཕར་ཕྱིན་གྱི་ལྟ་བ་དང༌། མཛོད་ཕར་ཕྱིན་གྱི་གྲངས་འདྲེན། འདུལ་བ་ཕར་ཕྱིན་གྱི་ཉམས་ལེན། ཚད་མ་ཕར་ཕྱིན་གྱི་རིགས་པ་བཅས་ཡིན་པའི་གསུང་རྒྱུན་ཡོད།


         ལུང་གི་བསྟན་པའི་ཕྱི་མོ་ཕར་ཕྱིན་ནི། རྒྱལ་བའི་བཀའ་བར་བ་ཤེར་ཕྱིན་གྱི་མདོས་སྦས་དོན་གྱི་ཚུལ་དུ་བསྟན་པའི་མཁྱེན་པ་གསུམ་དང༌། སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་བཅས་དངོས་པོ་བརྒྱད། རྒྱ་ཆེན་སྤྱོད་པའི་བཀའ་བབ་རྗེ་བཙུན་བྱམས་པ་མགོན་པོས་དོན་བདུན་ཅུས་མཚོན་པར་བྱས་ཏེ་གསལ་བར་མཛད་པ་ནས་རིམ་པས་རྒྱ་གར་དང་དེ་ནས་བོད་ཡུལ་ལ་དར་ཁྱབ་ཏུ་ཕྱིན། ལོ་བཞི་བརྒྱ་ལྷག་རིང་འཕགས་པའི་ཡུལ་དུ་ཐེག་པ་ཆེན་པོའི་བསྟན་པ་ལ་ཉམས་རྒུད་ཆེན་པོ་བྱུང་ཡང༌། རྒྱལ་བས་ལུང་དུ་བསྟན་ཞིང་ཟབ་མོ་སྟོང་པ་ཉིད་ཀྱི་བསྟན་པའི་བཀའ་བབ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་གདམས་པའི་སྲོལ་འཛིན་འཕགས་པ་ཐོགས་མེད་སོགས་ཀྱིས་བསྟན་པ་ཉམས་པ་རྨང་ནས་གསོས་ཏེ་སྔར་ལས་རྒྱ་ཆེར་སྤེལ།


               ཕྱི་ལོའི་དུས་རབས་ལྔ་པའི་དུས་དཀྱིལ་ཙམ་ནས་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བསྟན་པའི་སྲོལ་ཕྱེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱལ་བའི་བསྟན་པ་དར་ཁྱབ་ཏུ་སྤེལ་བར་མཛད་དེ། བོད་ཡུལ་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་ཤིང་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་དང་མཐུན་པར་མདོ་རྒྱུད་གཞུང་ལུགས་ཀུན་ལ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་སྒོ་ནས་གསན་བསམ་མཛད་པའི་འཆད་ཉན་ལམ་སྲོལ་གསར་བཏོད་མཛད། སྐབས་དེར་རླངས་ཁམས་པ་གོ་ཆས་འཕགས་ཡུལ་ནས་ཤེར་ཕྱིན་འབུམ་པ་ཐུགས་ལ་བཟུང་སྟེ་བོད་སྐད་དུ་བསྒྱུར་པ་རྒྱལ་པོའི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིན་དམར་པོ་དང༌། དབས་མཉྫུ་ཤྲཱི་སོགས་ཀྱིས་བསྒྱུར་ཅིང་བཙན་པོའི་དབུ་སྐྲའི་གཞོབ་རམ་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིན་སྔོན་མོ་སོགས་ཕར་ཕྱིན་གྱི་གཞུང་ལུགས་མང་པོ་ཞིག་བོད་སྐད་དུ་བསྒྱུར་པར་མཛད་པའི་སྐོར་ལོ་རྒྱུས་རྣམས་སུ་གསལ། ལྷག་པར་མཁན་ཆེན་ཞི་བ་འཚོས་ཚད་མའི་གཞུང་ལུགས་གསར་རྩོམ་མཛད་དེ་གཏན་ཚིགས་རིག་པའི་དཔྱད་ཐབས་དང་འབྲེལ་བའི་ཐོག་ནས་གཞུང་ཆེན་ཁག་ལ་འཆད་ཉན་མཛད་པའི་ཕྱག་སྲོལ་རྨད་དུ་བྱུང་བ་ཞིག་ཀྱང་ཚུགས་འདུག


                 ལོ་རྒྱུས་ཐོག་སྙན་གྲགས་ཆེ་བ་ཕྱྭ་བ་ཆོས་ཀྱི་སེངྒེས་སྔ་རྒོལ་གྱིས་རྟགས་གསལ་རྩོད་གཞི་གསུམ་དང་སྦྱར་བའི་རྩོད་པ་བྱེད་པ་དང༌། དམ་བཅའ་པས་འདོད། ཅིའི་ཕྱིར། མ་ཁྱབ། རྟགས་མ་གྲུབ། འགལ་ཁྱབ་ལ་བུད་ཅེས་སོགས་ཀྱི་ལན་འདེབས་པ། རྩོད་པ་བྱེད་པའི་དུས་སུ་ཐལ་སྐད་གཏོང་བ་དང༌། ཐལ་མོ་རྡེབ་པ། འཁོར་གསུམ་སྐོར་བ་སོགས་ཀྱི་རྩོད་པའི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་ཞིག་གསར་དུ་སྲོལ་ཕྱེས། གསང་ཕུར་དར་བའི་འཆད་ཉན་གྱི་ལམ་སྲོལ་འདི་རིམ་པས་དར་ཁྱབ་ཏུ་ཕྱིན་ཏེ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཆེ་ཁག་མང་ཆེ་བས་གཞུང་ཆེན་ལ་ཐོས་བསམ་མཛད་པའི་ལམ་སྲོལ་གཙོ་བོ་ཞིག་ཏུ་ཕྱག་བསྟར་བྱས་དང་བྱེད་བཞིན་ཡོད།


               ཁྱབ་མཐའ་བཀོད་ནས་གཞུང་ཆེན་མོའི་དཀའ་གནད་ལ་བགྲོ་གླེང་མཛད་པའི་འཆད་ཉན་ལམ་སྲོལ་འདིས་བོད་ཡུལ་དུ་དར་བའི་མདོ་རྒྱུད་ཀྱི་གཞུང་ཆེན་ཁག་སྤྱི་དང༌། ཡང་སྒོས་ཕར་ཕྱིན་གྱི་འཆད་ཉན་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཡོད་པར་མ་ཟད། ལམ་སྲོལ་འདི་བོད་རང་གི་ཐུན་མོང་མ་ཡིན་པའི་འཆད་ཉན་ལམ་སྲོལ་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན་པས། དམ་པ་གོང་མ་རྣམས་ཀྱིས་གསར་བཏོད་མཛད་པའི་ལམ་སྲོལ་བཟང་པོ་འདི་རྒྱུན་འཛིན་སྒོས་དར་སྤེལ་མཛད་དགོས་པ་ནི་ད་ལྟའི་མི་རབས་སྤྱིའི་འགན་འཁྲི་ཡིན་པ་སྨོས་མ་དགོས།
དོན་གྱི་གནད་འདི་ལ་དགོངས་ནས་བདག་ཅག་གི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་འདི་གའི་སློབ་གཉེར་ཁང་དུ༑ གཞུང་ཆེན་བཀའ་པོད་སོ་སོའི་སློབ་གཉེར་མཐའ་སོན་སྐབས། རྩོམ་རྒྱུགས་ཀྱི་ངོ་བོའི་ཐོག་ནས་ཁྱབ་མཐའི་དེབ་ཕྲེང་རེ་འབྲི་དགོས་པའི་ལམ་སྟོན་བཀའ་དྲིན་ཕེབས་པར་བརྟེན། སྐབས་དང་པོའི་ཕར་ཕྱིན་སློབ་ཐོན་པ་རྣམས་ཀྱིས། ཕར་ཕྱིན་སྐབས་དང་པོ་ལས་ཁྱབ་མཐའི་དེབ་ཕྲེང་དང་པོ་སྟོད་སྨད་གཉིས་དང༌། སྐབས་གཉིས་པའི་ཕར་ཕྱིན་སློབ་ཐོན་པ་རྣམས་ཀྱིས། ཕར་ཕྱིན་སྐབས་གཉིས་པ་ནས་བཞི་པའི་མཇུག་བར་ཁྱབ་མཐའི་དེབ་ཕྲེང་གཉིས་པ་བཅས་ཁྱབ་མཐའི་དེབ་ཕྲེང་གསུམ་དཔར་བསྐྲུན་འགྲེམས་སྤེལ་བྱས།


                ཕྲན་ཅག་ཕར་ཕྱིན་སྐབས་གསུམ་པའི་སློབ་ཐོན་པ་རྣམས་ཀྱིས་ཕར་ཕྱིན་སྐབས་ལྔ་པ་དང་དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་དོགས་གནད་གང་ཤེས་ཐལ་ཕྲེང་གི་ཚུལ་དུ་བཀོད་དེ་ཁྱབ་མཐའི་དེབ་ཕྲེང་གསུམ་པ་བྲིས་པའི་ཁུལ་ལགས་ཀྱང་། ཕྲན་ཅག་ཕར་ཕྱིན་གྱི་སྤྱི་དོན་དང༌། མཐའ་དཔྱོད་སོགས་འབྲེལ་ཡོད་གཞུང་ཆེན་ཁག་ལ་ལྟ་རྒྱ་དང་གོ་རིག་ཤིན་ཏུ་ཞན་པའི་ཐོག རྩོམ་འབྲིའི་ཉམས་མྱོང་དང་གནས་ཚད་མེད་ཅིང༌། རྩོམ་སྒྲིག་གི་ལས་ལ་ཞུགས་པ་ཐེངས་དང་པོ་ཡིན་པས། གཞུང་ཆེན་མོའི་དགོངས་དོན་ཇི་བཞིན་མ་ལོན་པ་དང༌། འགྲེལ་ལོག་ཏུ་སོང་བ། བསྒྲུབ་བྱ་སྒྲུབ་པའི་ཆེད་དུ་བཀོད་པའི་ལུང་རིགས་རྣམས་སྒྲུབ་བྱེད་རྣལ་མར་མ་སོང་བ། ལུང་གི་ཚིག་ཆད་པ་དང༌། སྒྲུབ་བྱེད་ཀྱི་རིགས་པ་ནོར་བ་སོགས་ཚིག་དོན་གཉིས་ཀའི་ཐད་ནས་ལྷག་ཆད་ནོར་གསུམ་གྱི་ཆ་གང་མང་བྱུང་ཡོད་པ་གོར་མ་ཆག་པས་རྒྱ་ཆེའི་ཀློག་པ་པོ་ཚོར་དགོངས་སེལ་ཞུ་རྒྱུ་དང༌། ཕྲན་ཅག་གིས་ཤེས་ཚོད་ཀྱིས་འབད་བརྩོན་ཕྲན་བུ་བྱས་པ་འདི་ལ་དགེ་བའི་ཚོགས་ཅི་མཆིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང༌། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང༌། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐབས་གསུམ་པའི་ཕར་ཕྱིན་སློབ་ཐོན་པའི་ཁྱབ་མཐའ་ནོར་བུའི་དོ་ཤལ་རྩོམ་སྒྲིག་པ་ཐུན་མོང་ནས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན་བྲིས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.