ཀ) དཀོན་མཆོག་ཉི་མ།

 

༄༅།། རབ་འབྱམས་ཤེས་བྱའི་ཀློང་ལས་དེང་རབས་ཆར། །དགོས་ཕན་ཆེ་བའི་རང་རིགས་བྱུང་རིམ་གྱི། །ཆ་ཤས་གནད་ཅིག་དྲི་མེད་ལྷག་པའི་བློས། །གང་ལྕོགས་བཤད་ལ་སྤྲོ་བས་ནོངས་མཆིས་འཆགས།

                སྤྱིར་མི་རིགས་གང་གི་གཞི་རྩའི་འབྱུང་རིམ་ནང་འབངས་རབས་དང་རྗེ་རབས་དུས་ཚིགས་གསུམ་ངེས་པ་ཅན་བརྗོད་པ་མཚན་ཉིད་ཚང་བའི་མིའི་བླ་སྲོག་ལྟ་བུར་ཆགས་ཡོད། རྨང་གཞི་དེའི་ཐོག་འགྲོ་བ་མིའི་འདུས་ཚོགས་འཕེལ་རིམ་ཁྲོད་དམངས་ཀྱི་ལྟ་གྲུབ་དང་བསམ་སྤྱོད་ལས་གོ་གནས་འཕར་བའི་དངོས་ཡོད་བྱུང་བ་ཇི་སྙེད་ལ་བསྲེ་བསླད་སྤངས་ཏེ་དྲང་བདེན་ཐོག་ལོ་རྒྱུས་ཡིག་ཚང་དུ་ངོ་མ་སོ་ན་གནས་པ་ཁོག་སྒྲིག་གནང་རྒྱུ་ལོ་རྒྱུས་ཀྱི་རྦ་རླབས་གསར་པའི་གཤིས་བཟང་གི་འགྱུར་ཁུག་ནང་ཤིན་ཏུ་གལ་གནད་ཅིག་ཏུ་ངེས། ངེད་ཅག་བསིལ་རིའི་ལྗོངས་ཀྱི་མི་རབས་གནས་པའི་བསྐལ་བ་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་ལུང་རིགས་ཀྱིས་གྲུབ་མོད། ཡ་ཐོག་བོད་མིའི་སྤྱི་ཚོགས་སུ་ཡི་གེ་དང་ཤེས་རིག་གི་ཟབ་སྦྱོང་དམན་རྐྱེན་ངག་སྒྲོས་ཙམ་ལས་དུས་ཚིགས་བསྒྲིགས་ཏེ་ལོ་རྒྱུས་འཆད་མཁན་ཆེས་སྲིད་མཐར་སྣང༌།

 

                མི་རིགས་ཀྱི་ཆད་ཁུངས་བོན་པོས་སྲིད་པའི་སྒོ་ང་ལས་གྲོལ་ཚུལ་དང༌། ཆོས་ཀྱི་ལོ་རྒྱུས་སྨྲ་མཁན་ཚོས་སྤྲེའུ་དང་བྲག་སྲིན་ལས་མཆེད་ཚུལ་སྨྲ་བ་གཉིས་ཀ་རྒྱུ་མཚན་ལྡན་པར་སྣང་ངོ་། རིགས་དེ་གཉིས་ལས་རིམ་པར་མིའི་སྤྱི་ཚོགས་གྲུབ་པ་དང༌། མ་ཟད་ཤཱཀྱའི་རིགས་ལས་འཕེལ་ཚུལ་མཆིས་པར་བཤད་པའང་འགལ་བ་མེད་ཅིང༌། ཕྱིས་དེ་རྣམས་གོང་བུ་གཅིག་ཏུ་གྱུར་ཏེ་སྤྱི་ཚོགས་ཀྱང་གཞི་རྒྱ་ཆེན་པོར་ཆགས་ཞེས་སྨྲ་སྤོབས། གཞན་དུ་ན་ཅིག་ཤོས་ཁས་བླངས་ན་ཅིག་ཤོས་གཅོད་དགོས་པའི་ཁྱབ་མཐའ་འཛིན་པ་རང་ཉིད་ངལ་བའི་རྒྱུ་ཚོགས་སྒྲུབ་པ་ལས་དགོས་པ་རྒྱུ་མཚན་གང་ཡང་མེད། གཞན་ཡང་གནའ་དུས་བོད་ཀྱི་དམག་དཔུང་སྡུད་སྐབས་གྲངས་འབོར་བྱེ་བ་བཞི་བཅུ་དང་ལྔ་བཅུའི་མཚམས་སུ་སླེབས་པ་དེས་བོད་མིའི་གྲངས་གནས་ཚད་མཐོ་ཤོས་སུ་སོན་པ་གསལ་བོ་བསྟན་ཡོད། གཞི་རྒྱ་ཆེབའི་སྤྱི་ཚོགས་དེའི་ཆད་ཁུངས་གཅིག་ཉིད་དུ་མ་ངེས་པའི་གདེང་ཚོད་ཀྱང་བྱེད་ཆོག ད་དུང་གོང་གི་ཡོངས་གྲགས་བཤད་ཚུལ་དེ་གཉིས་ཐོག་མའི་ཆད་ཁུངས་ཀྱི་ཡུལ་ལུང་ཐ་དད་དུ་གནས་པས་མི་རབས་ཀྱི་འབྱུང་ཁུངས་གཅིག་ཏུ་མ་ངེས་པའི་གདེང་སྤོབས་སྲ་བརྟན་དུ་འགྱུར་ཐུབ།

 

                དེ་ལྟ་བུའི་སྤྱི་ཚོགས་དེར་མངའ་དབང་བསྒྱུར་མཁན་གྱི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་ཡོངས་སུ་གྲགས་པས་མི་མཐུན་པ་མེད་མོད། འོན་ཀྱང་དེའི་འབྱུང་ཁུངས་གནའ་དུས་ནས་རྙོག་འཛིང་ཆེ་བའི་རྩོད་གཞི་ཅན་ཞིག་ཡིན། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་བོད་ཀྱི་ལོ་རྒྱུས་ཐོག་ངོས་འཛིན་ཚུལ་མི་འདྲ་བ་གསུམ་བྱུང་བ།

 

                དང་པོ། “གནམ་གྱི་ལྷ་ནས་རྗེར་གཤེགས་”ཞེས་པ་དང༌། གཉིས་པ། “ཐེ་བྲང་ལས་ཆད་ཚུལ་”སྨྲ་བ་དང༌། གསུམ་པ། “རྒྱ་གར་ནས་བྱོན་ཚུལ་”བཤད་པ་དང་གསུམ་མོ།

                འདི་དག་ནི་དུས་ནམ་ཞིག་གི་བཤད་སྟངས་ཡིན་རྩད་འཚོལ་བསྐྱར་ཞིབ་གནང་རྒྱུ་གལ་ཆེ་ཞིང༌། སྤྱི་ཚོགས་དེའི་སྐབས་མིའི་བསམ་སྤྱོད་དང་བྱ་དངོས་གང་ལ་ལྟ་བ་འཛིན་སྟངས་རགས་རིམ་ཙམ་མེད་དུ་མི་རུང་བར་ཤེས་པ་སྔོན་དུ་འགྲོ་དགོས། མིའི་བསམ་སྤྱོད་དང་ལྟ་གྲུབ་ལ་རྒྱུས་ཆ་ཅུང་ཟད་ལོན་ན་གཏམ་དེ་དུས་ནམ་ཞིག་གི་བཤད་སྟངས་ཡིན་པ་ངོས་འཛིན་བྱེད་ཐུབ།

 

                ལྟ་ཚུལ་གསུམ་ག་རིམ་ཅན་དུ་བྱུང་བ་ལས་དཀྱུས་གཅིག་ཏུ་བྱུང་བའི་གཏམ་དུ་མི་སྣང༌། གང་ལགས་ཤེ་ན་གཉའ་ཁྲིའི་དུས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་དབུ་ཡང་མ་ཚུགས་གཤིས་བཤད་ཚུལ་ཐ་མ་ཡོང་མི་ཤེས་པ་ཡིན། དེས་ན་འཆད་ལུགས་སྔ་མ་གཉིས་གནའ་དུས་གཉའ་ཁྲི་བཙན་པོའི་དུས་སམ་རྗེས་དེ་མ་ཐག་ནས་སྲོང་བཙན་སྒམ་པོའི་བར་གྱི་ལྟ་སྟངས་ཤིག་ཡིན་པ་མགྲིན་པ་བསལ་ཏེ་སྨྲ་ཆོག གོང་གི་བཤད་ཚུལ་གཉིས་ལས་དང་པོ་ཉིད་གྲགས་ཆེའོ། རྩ་བའི་བཤད་ཚུལ་གསུམ་པ་སྲོང་བཙན་ནས་ད་ལྟའི་བར་ཡོངས་གྲགས་རྒྱུགས་ཆེ་བའི་ལྟ་སྟངས་ཤིག་ཡིན་ལ། དར་ཁྱབ་ཆེ་བའི་འཆད་ལུགས་འདི་གཉིས་ཀྱིས་ཐེ་བྲང་ལས་ཆད་ཚུལ་བཤད་པ་རྩིས་མེད་དུ་དོར་ནས་ངོ་མཚར་ཧ་ལས་པའི་ནམ་མཁའ་ནས་བྱོན་པ་དང༌། རྒྱ་གར་ནས་བྱོན་ལུགས་བཤད་པ་དོན་དངོས་ལས་ཡོལ་བའི་འཁྱོག་བརྗོད་རབ་བཏགས་ཤིག་ཏུ་བདག་སེམས།

 

                གང་ལྟར་གནའ་དུས་གཉའ་ཁྲི་བཙན་པོའི་སྐབས་ནས་ལྷ་ལས་ཆད་ཚུལ་དང༌། ཐེ་བྲང་ལས་ཆད་ཚུལ་གཉིས་ཡོད་པཙབློན་པོ་བཀའི་ཐང་ཡིགརྩལས། “བསྒྲགས་པ་ལྷ་ལས་ཆད་པས་བོན་ལུགས་གླེང༔ ཡང་གསང་ཐེ་བྲང་(ཐེ་རང་)ཆད་པས་མང་བློན་གླེང༔ ཞེས་གླེང་ལུགས་མི་མཐུན་པ་གཉིས་སུ་གྱེས་ཡོད།

 

                ལྷ་ལས་ཆད་ཚུལ་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། “དང་པོ་བསྐལ་བ་བས་བསྐལ་སྲིད་པས་མ་སྲིད་ཙམ་ན། ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ཕྱ་ཡིས་བསྐོས་ཏེ་བྱུང༌། དེ་ལས་ཁོ་མ་འབྲོ་རྗེའི་ལེགས་པའི་ཧོར་དྲུག་ཅེས་པ་གཅིག་སྲིད། དེའི་ཞལ་གྱི་ངད་པ་སྦྱན་གྱི་སྒྲོས་མ། དབུ་སྐྲ་ཕྱར་ཕྱོར་ཙམ་གཅིག་གནས་པ་སྟེ། གནམ་ས་ཆ་མ་ཕྱེད་ཀྱི་བར་དུ་ཕུས་བཏབ་པས། གནམ་ས་ཆ་ཕྱེད་དེ། གནམ་རིམ་པ་བཅུ་གསུམ་ནི་ཁང་རིམ་ཁང་དུ་ཡས་ཕུབ། ས་རིམ་པ་བཅུ་གསུམ་ནི་གདན་རིམ་གདན་དུ་མས་གཏིང༌། གནམ་ས་གའུ་ཁ་སྦྱོར་དེའི་ནང་འོད་དཀར་ནག་གཉིས་སུ་སྲིད། དཀར་པོ་ཡོད་ཀྱི་ཁ་འཛིན། ནག་པོ་མེད་ཀྱི་ཁ་འཛིན། ཡོད་མེད་གཉིས་ཀྱི་འཕྲོ་འདུ་ལས། གསེར་གྱི་མེ་ཏོག་སེར་བོ་དང༌། །གཡུ་ཡི་མེ་ཏོག་སྔོན་པོར་སྲིད། གསེར་གྱི་མེ་ཏོག་སེར་བོས་ཡབ་ཀྱི་རྒྱུ་བྱས། གཡུ་ཡི་པད་མ་སྔོན་པོས་ཡུམ་གྱི་རྒྱུ་བྱས། ཡབ་ཡུམ་གཉིས་ཀྱི་འཕྲོ་འདུ་ལས། སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་བྱ་བ་སྲིད། དེ་དང་ཡུམ་དབྱིངས་ཀྱི་སྐྱོལ་མེད་སྲིད་པའི་སྲས་མེས་རྣམ་ལ་ཀར་གསུམ་དུ་སྲིད། དེ་དང་ཕྱ་ཟ་ཡེ་ཐན་མ་རུ་སྲིད་པའི་སྲས་སྐར་མ་ཡོལ་ལྡེ། དེ་དང་གཡུ་རི་ཕྱུག་མོ་སྲིད་པའི་སྲས་ལྷ་རབས་མཆེད་བཞི་སྲིད། དཀར་ནམ་རྒྱལ་བ་དང༌། ལྟིང་རྒྱུ་དཀར་པོ། ལྷ་ཁྲི་ཤེལ་དཀར། ཐ་ཆུང་རྩེར་རྩེར་དང་བཞི་སྲིད།” ཅེས་དང༌། “ཁྲི་ཤེལ་དཀར་བོ་ལྷོ་འཛམ་བུ་གླིང་གི་ལྷར་གཤེགས།” ཞེས་དང༌། “ཁྲི་ཤེལ་དཀར་པོ་ལས་རྗེའི་མགུལ་ལྷ་མཆེད་གསུམ་སྲིད། ཕྱི་ལྷ་ཐོག་དཀར། བར་ལྷ་འོད་འབར། ནང་ལྷ་གུལ་རྒྱལ་གསུམ་དུ་སྲིད།” ཅེས་དང༌། དེ་ནས་གནམ་ལྷ་ཐན་དགུ་བྱོན་ཞིང་ཐ་མ། “སྟག་ཆ་ཡལ་ཡོལ་དང་ཡུམ་ཚེ་ཟ་ཁྱད་ཁྱུད་བཤོས་པའི་སྲས་སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་ཏེ། ཡབ་ལྷ་བརྡལ་དྲུག ཕྱ་ལྷ་བྲམ་ཆེན་རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ་”ཞེས་དང༌། “གཅེན་ཡབ་ལྷ་བརྡལ་དྲུག་དང་ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས། །ལྕམ་སྲིང་བརྒྱད་ལ་ཡར་གྱི་གཅེན་གསུམ་རོང་རོང་རྩོལ་བོ། ཁྲི་རྒ་སྟག་གཟིགས། ཐན་ཚོ་ཟོ་འབྲང་ངོ༌། མར་གྱི་གཅུང་གསུམ་ལ་ལྷེ་རྗེ་གུང་རྩན། ལྷེ་རྗེ་ཐོག་རྩན། ལྷ་རྗེ་ཟིན་གདགས་སོ། ཁྲི་བར་གྱི་བདུན་ཚིགས་དང་བདུན་ནོ། སྲིང་མོ་ཐང་ལྷ་མོ་དང་བརྒྱད་དོ།” ཞེས་པས་ཡབ་ལྷ་བརྡལ་དྲུག་ལ་སྲས་བདུན་དང་སྲས་མོ་གཅིག་སྟེ་བརྒྱད་ཡོད་པར་བསྟན་པ་དང༌། སྲས་ཐ་མ་“བར་གྱི་བདུན་ཚིགས་ཏེ་རྨུ་ཡུལ་དུ་བཤུགས་ཏེ་སྲས་ནི་གཉའ་ཁྲི་གར་(བར)གྱི་བདུན་ཚིགས་ཏེ། ཡར་ཡབ་དང་གཅེན་ལ་གནོད། མར་ཡུམ་དང་གཅུང་ལ་གནོད་ནས། ཞང་ཞུང་ཡུལ་དུ་སོང་ཞིག་ཅེས་བཀའ་བསྒོ་སྟེ་འགྲོར་མ་ཉན་པ་ལ་དཀོར་གྱི་རྣམ་པ་མང་པོ་དང༌། སྐུ་སྲུང་བློའུ་རིན་ཆེན་མཆེད་བདུན་དང༌། སྐུ་ལྷ་ལྷ་ག་ཡ་དང༌། མུ་ཡ་དང༌། ལྷེ་གླང་རུ་ཀར་དང༌། དུང་འཕར་བོ་འཕར་ཆུང་དང་(བཅས་)བྱིན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ། །” འདི་ཡན་ཆད་གཉའ་ཁྲི་བཙན་པོའི་མེས་པོ་གོང་མའི་བྱུང་རབས་བརྗོད་པ་ཡིན།

 

དེའི་འཕྲོར་“ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལ། །ཕུ་མོ་དྲེ་རྨུ་དྲེ་བཙན་མོ་དང་ཁྲི་གར་གྱི་བདུན་ཚིགས་བཤོས་པའི་སྲས་དེས་ཡུམ་གྱི་ལྷུམས་ནས་གསོལ་བ། །ཀྱེ་ཡུམ་གཅིག་ཡར་གཤེགས་ན་ནི་ཡུམ་གྲོངས་འགྲོ་མར་གཤེགས་ན་ནི་སྲས་མནོལ་བས་སྒལ་བའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས། །སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས་མཚན་ཡང་གཉའ་ཁྲི་བཙན་པོ་བཏགས་སོ།།” ཞེས་སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན་གྱི་དབང་དུ་བྱས་ནས་གཉའ་ཁྲི་བཙན་པོའི་མེས་པོ་རྣམས་ཐོག་མའི་བྱུང་རིམ། བར་གྱི་བརྒྱུད་རིམ། ཐ་མ་རང་གི་ཡབ་ཡུམ་གྱི་མཚན་བཅས་གསལ་བོ་བསྟན་པ་ཡིན་མོད། འོན་ཀྱང་ལྷ་སྒྲུང་གི་བསྲེ་བསླད་བཅུག་པ་རྣམས་ངོ་མཚར་དུ་མ་བཟུང་བར་འདོར་ལེན་བྱེད་དགོས་ཤིང༌། དངོས་ཡོད་ལོ་རྒྱུས་ཀྱི་བྱུང་བ་ཚུར་བླངས་ཏེ་དག་ཐེར་གཙང་མ་གནང་དགོས། རྒྱུ་མཚན་གང་གིས་ཤེ་ན་འདི་ལྟར། གཉའ་ཁྲི་བཙན་པོའི་ཡབ་ཁྲི་གར་གྱི་བདུན་ཚིགས་དཀོར་ནོར་སོགས་ཀྱིས་རྫོང་བ་དང་བཅས་“གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ།།” ཞེས་པར་ཅུང་ཟད་བསམ་ན་སྒྲོ་འདོགས་ཀྱི་སྨ་ར་ཤིག་ཤིག་ཏུ་ངོམ་པ་དང༌། ཡང་ན་གད་མོ་འཆོར་བྱེད་ཀྱི་གཏམ་འབའ་ཞིག་ཏུ་སྣང་སྟེ་སྟེང་གནམ་རིམ་པ་བཅུ་གསུམ་གྱི་ཐོག་ཏུ་ཁྲི་གར་གྱི་བདུན་ཚིགས་བཞུགས་ཤིང་དེ་ལ་འོག་བོད་ཀྱི་རྨུ་ཡུལ་ན་གཉེན་གཏོགས་ཞང་པོ་རྨུ་རྗེ་བཙན་པོ་ཡོད་པ་སྙན་གྱི་དབང་པོའི་དྲུང་དུ་མཛེས་པ་མ་ཡིན་ཞིང། དེས་ན་བོན་པོས་གནམ་གྱི་ལྷ་ནས་གཤེགས་ཚུལ་དང༌། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་བྱོན་ཚུལ་བཤད་པ་གནམ་རང་ལ་ངོས་འཛིན་གནང་ན་དངོས་ཡོད་དང་མཐུན་ཐབས་བྲལ་བས་ཡུལ་མཐོ་སྒང་ནས་རིམ་པར་བརྩིས་པའི་ཡུལ་གྱི་གནས་རིམ་དབྱིབས་རིས་ལ་མིང་དེ་ལྟར་བཏགས་པར་སེམས་སོ།

 

                ཡང་གོང་དུ་ཡབ་ལྷ་བརྡལ་དྲུག་ཐད་<<རྒྱ་བོད་ཆོས་འབྱུང་རྒྱས་པ་>>ལས། “གཅེན་ཡབ་ལྷ་བརྡལ་དྲུག་དེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད། །མཐོ་ལ་ཡོགས་ཀྱི་མངའ་བདག །དམན་བྱིངས་ཀྱི་རྒྱན་རྐྱེན། །ཟ་མ་ཕུད་ཀྱི་མངའ་བདག་གོ །དེ་དང་ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས་ལྕམ་སྲིང་བརྒྱད།” ཅེས་འཁྲུངས་པར་བཤད་པ་གོང་དུ་དྲངས་པ་ལྟར་རོ། །དེས་ན་གཅེན་ཡབ་ལྷ་བརྡལ་དྲུག་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད་པ་དེ་ཡང༌། ཡུམ་བོད་ཀྱི་རྨུ་བཙུན་ཞིག་དང་བཤོས་པ་མིང་སྲིང་བརྒྱད་འཁྲུངས་ཞེས་བརྗོད་ན་ལྷ་སྒྲུང་གི་རང་ཟོལ་དམར་རྗེན་དུ་སྟོན་པས་མགོ་བོ་འཐོམས་པའི་རྒྱུ་ལས་ང་ཚོས་ལོ་རྒྱུས་ཀྱི་ཁུངས་བཅོལ་ཡང་དག་པ་རྙེད་དཀའ།

 

                ལྡེའུ་ཇོ་སྲས་ཀྱིས་མཛད་པའི་<<ཆོས་འབྱུང་བསྟན་པའི་རྒྱལ་མཚན>>ནམ་<<ལྡེའུ་ཆོས་འབྱུང་>>ལས། “དེ་ལྟར་ཁྲི་རྒྱལ་བ་དེ་བདུན་ཚིགས་སུ་གྱུར་བས་སྣ་ཟ་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་གནམ་རིམ་པ་ལྔའི་སྟེང་དུ་ཞང་བོ་རྨུའི་ཡུལ་དུ་བཅུགས་པ་ལས་ཁོ་འགྲོར་མ་འདོད་ནས་”ཞེས་སོགས་བྱུང་བ་ལ་དཔག་ན་གནམ་རིམ་པ་ལྔ་བ་དེ་ཞང་བོ་རྨུའི་ཡུལ་ལ་ངོས་འཛིན་པ་དང༌། འདིས་གནམ་རིམ་པ་བཅུ་གསུམ་ངོས་འཛིན་མཛད་པ་གོང་དུ་གཉའ་ཁྲི་གར་བར་གྱི་བདུན་ཚིགས་ཡར་ཡབ་དང་གཅེན་ལ་གནོད། མར་ཡུམ་དང་གཅུང་ལ་གནོད་ནས། ཞང་ཞུང་ཡུལ་དུ་སོང་ཞིག་ཅེས་བཀའ་བསྒོས་ནའང་འགྲོར་མ་ཉན་པ་ལ། རྫོང་བ་དང་བཅས་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ་ཞེས་པར་བསམ་ན། བོད་རང་གི་ས་བབས་དང་བསྟུན་པའི་འགྲོ་བཞུད་ཀྱི་བཤད་ཚུལ་ཞིག་ཡིན་པ་ཐག་བཅད་དེ་སྨྲ་ཆོག དེ་ལྟར་མིན་ན་ཡབ་ཡུམ་སོགས་ལ་གནོད་ནས་ཞང་ཞུང་དུ་བཀའ་བསྒོས་ཀྱང་འགྲོ་མ་འདོད། དེ་ནས་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་ཕེབས་ཚུལ་བཤད་པ་འདིས་ཀྱང་གནམ་ལས་མི་རྗེར་བྱོན་པ་མ་ཡིན་པར་བོད་རང་གི་ས་ཐོག་དེ་ཉིད་ལས་ཕར་ཚུར་འགྲོ་བཞུད་དང༌། ད་དུང་གཉའ་ཁྲི་བཙན་པོའི་བསྐྱེད་ཡུམ་གྱི་ཆད་ཁུངས་ཀྱང་མིའུ་གདུང་དྲུག་ལས་རྨུའི་རིགས་ཡིན་པ་འདི་དག་གི་བཤད་བབས་ལ་མནོ་བསམ་ཞིབ་མོ་བཏང་ན་གནམ་རིམ་པ་བཅུ་གསུམ་སའི་གནས་རིམ་དུ་མ་ལ་དེ་ལྟར་མིང་འདོགས་གནང་བར་ཚོད་དཔག་བྱེད་ཐུབ། དེ་ལྟར་བྱས་ན་ལོ་རྒྱུས་ཀྱི་བབས་དང་མཐུན་པར་སྣང་ངོ༌།

 

                བཤད་སྟངས་གཉིས་པ་ཐེ་བྲང་ལས་ཆད་ཚུལ་ནི། <<བློན་པོ་བཀའི་ཐང་ཡིག>>ལས་“སྤུ་ཡུལ་མོ་བཙུན་གུང་རྒྱལ་ལ༔ །ཐེ་བྲང་སྤུན་དགུ་སྐྱེས་པ་ལས༔ །ཆུང་དག་ཨུ་བེ་ར་ནས་ཆད་པའོ༔ ཁུར་དུ་གཉེར་ལྕི་ལས་སུ་སྨྲ་དཀའོ༔ ཁྲི་རྒྱལ་བ་དང་དྲི་མུ་ཁྲི་བཙུན་སྲས༔ །གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས༔ ། ཉ་ཁྲི་བཙན་པོ་ཞེས་བྱའོ།།”ཞེས་བོད་ལྗོངས་སྤུ་བོའི་ཡུལ་གྱི་མོ་བཙུན་གུང་རྒྱལ་ལ་སྲས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཐ་ཆུང་ཨ་བེ་ར་གཉའ་ཁྲི་བཙན་པོའི་རུས་ཁུངས་སུ་བསྟན་པ་དང༌། དེའི་རྒྱུད་པ་ལས་བྱུང་བའི་ཁྲི་རྒྱལ་བ་དང་དྲི་མུ་ཁྲི་བཙན་གྱི་སྲས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་པ་དང༌། དེ་ཉིད་ཟླ་བ་ཉ་ལ་སྐྱེས་པས་མཚན་ལ་ཉ་ཁྲི་བཙན་པོ་ཐོགས་ཚུལ་རྒྱུ་མཚན་དང་བཅས་པ་ཞལ་གསལ་བསྟན་འདུག དེ་དང་མཐུན་པར་<<ལྡེའུ་ཆོས་འབྱུང་>>ལས། “ཡང་གསང་ནི་ཐེ་བྲང་མང་སྐ་ཨུ་བེ་ར་ལས་ཆད་པའམ་ཡུལ་སྤུ་པོའི་ཡུལ་ནས་ཡུའི་(སྤུ)མི་མོ་བཙན་གྱི་རུམ་ནས་བྱུང་བ་གཅིག་དང་གཉའ་ཁྲི་བཙན་པོར་མཚན་གསོལ་ནས་བོད་རྗེ་བྱས་པའི་ལོ་རྒྱུས་ཡོད་དོ།” གཉའ་ཁྲིའི་མཚན་དངོས་ད་དུང་རྩད་གཅོད་བྱེད་དགོས་སོ། འདི་གཉིས་གསུང་ཕྱོགས་འདྲ་ལ་དེ་དང་ཅུང་མི་གཅིག་པ་ནི། <<རྒྱ་བོད་ཆོས་འབྱུང་རྒྱས་པ>>ལས “ཡུལ་སྤུ་བོའི་ཡུལ་ན་སྤུའི་མི་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་མཐུ་ཆེ་བ་གཅིག་བྱུང་བས། འདི་མཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ་ཁྱེད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ།” ཞེས་པ་མང་སྐ་ཨུ་བེ་ར་ཉིད་གཉའ་ཁྲི་བཙན་པོར་ངོས་འཛིན་པ་མི་འདྲ་བའི་ཁྱད་པར་ལས་གཞན་རྣམས་གཅིག་མཚུངས་སུ་འཆད་པའོ།

 

                གཉའ་ཁྲི་བཙན་པོའི་ཡབ་ཡུམ་གྱི་མཚན་ལ་<<བློན་པོ་བཀའི་ཐང་ཡིག>>ལས། ཡང་གསང་ཐེ་བྲང་གི་ལུགས་སུ་ཡབ་ཁྲི་རྒྱལ་བ་དང་ཡུམ་དྲི་མུ་ཁྲི་བཙན་གྱི་སྲས་སུ་བཞེད། སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་ལ་གོང་དུ་དྲངས་པ་ལྟར་ཡབ་ཁྲི་གར་གྱི་བདུན་ཚིགས་དང༌། ཡུམ་དྲི་རྨུ་དྲེ་བཙན་གྱི་སྲས་སུ་བཞེད་པ་འདི་གཉིས་གཉའ་ཁྲི་བཙན་པོའི་ཡུམ་གྱི་མཚན་ཡི་གེའི་དག་ཆ་ཐ་དད་ཙམ་མ་གཏོགས་སྒྲ་གཅིག་ཏུ་སྣང་ངོ། རྒྱུ་མཚན་དེས་ན་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་དང་ཐེ་བྲང་ལས་ཆད་ཚུལ་གཉིས་སྒྲོ་བཏགས་ཡོད་མེད་ཙམ་ལས་ཐ་དད་དུ་ཕྱེ་དཀའ། མིང་ཐ་དད་པས་སོ་སོར་འཆད་མི་རིགས་ཏེ། <<གཏེར་བྱོན་སྲིད་པ་རྒྱུད་ཀྱི་ཁ་བྱང>> ལས། “ཕྱ་རྗེ་ཡབ་བླ་བརྡལ་དྲུག་དང༌། །དམུ་བཙུན་རྒྱལ་མོ་གཉིས་ཀྱི་སྲས། །ལྡེའུ་རྗེ་མཆེད་བདུན་བྱ་བ་ཡིན། །ལྷ་སྲས་དེ་ཡི་བདུན་ཚིགས་ནི། །ཁྲི་སད་འབར་བ་ཞེས་ཀྱང་བྱ། །དེ་ཞང་བོ་རྨུ་ཡི་ཡུལ་དུ་སྤྱུགས། །དམུ་ཟ་གཉི་མཐིང་མ་དང་བཤོས་པ་ལ། །ཡར་གཤེགས་ཡུམ་གྲོངས་ལ། །མར་གཤེགས་ནི་སྲས་མནོལ་བས། །ལྟག་པའི་སྡུད་སྒོར་སྐྲ་ཉག་ཅིག་དང་འཁྲིལ་ནས་གཤེགས་པའི་སྲས། ལྡེ་ཉག་རི་བཙད་པོ་ལགས་སོ།།” ཞེས་པའི་དོན་གོང་གསལ་ཡབ་ལྷ་བརྡལ་དྲུག་དང༌། ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས་བདུན་དང་སྲས་མོ་གཅིག་སྟེ་བརྒྱད་འཁྲུངས་པའི་སྲས་བདུན་ལ་ལྡེའུ་རྗེ་མཆེད་བདུན་དང་ལྷ་སྲས་དེའི་བདུན་ཚིགས་ནི་ཁྲི་གར་གྱི་བདུན་ཚིགས་དང༌།  དེའི་མཚན་དངོས་ཁྲི་སད་འབར་བ་ཟེར་རམ་སྙམ།  དེ་ཞང་རྨུ་ཡུལ་དུ་སྤྱུགས། རྨུ་ཟ་གཉི་མཐིང་མ་ཞེས་པ་ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ཡོད་པ་ལས་ཕུ་མོ་དྲེ་རྨུ་དྲེ་བཙན་ཟེར་བ་དེ་ཡིན།  དེས་ན་འདི་མིང་ཐ་དད་ཀྱང་གང་ཟག་གཅིག་ཏུ་ངེས། རྒྱུ་མཚན་དེ་དག་ལ་བརྟེན་བསྒྲགས་པ་བོན་ལུགས་དང༌།  ཡང་གསང་ཐེ་རང་གི་འཆད་ལུགས་གཉིས་ལ་རྗེ་གཉའ་ཁྲིའི་ཡབ་ཡུམ་གྱི་མཚན་དོན་ལ་འདྲ་བ་མ་ཟད།  ཐེ་རང་སྤུན་དགུ་སྐྱེས་པའི་ཐ་ཆུང་ཨུ་བེ་ར་ཉིད་བཙད་པོའི་ཆད་ཁུངས་སུ་ཡིག་ཆ་ཁག་ན་གསལ་བས་ཨུ་བེ་ར་གཉའ་ཁྲི་བཙན་པོར་བཤད་པ་ད་དུང་བརྟག་དགོས་ཤིང༌། གོང་གསལ་<<བློན་པོ་བཀའི་ཐང་ཡིག>>དང༌། <<ལྡེའུ་ཆོས་འབྱུང>>གཉིས་ལྟར་ན་རྨང་སྐ་ཨུ་བེ་ར་ཆད་ཁུངས་དང༌།  དེའི་རྒྱུད་པ་ཁྲི་རྒྱལ་བའམ་དྲེ་རྨུ་དྲེ་བཙན་གྱི་སྲས་གཉའ་ཁྲི་བཙན་པོ་ཞེས་ཐག་བཅད་དེ་སྨྲ་ཆོག་མོད།  འོན་ཀྱང་རང་ཉིད་ལོ་རྒྱུས་ཀྱི་བློ་ཁ་ཤིན་ཏུ་དམན་སྟབས་ལྟ་རྒྱ་དང་ཐོས་རྒྱ་ཆེ་བའི་རང་རིགས་གཞོན་ནུ་རྣམས་ལ་དཔྱད་གཞིར་ཕུལ་བ་ལགས་སོ།།

 

                གཞན་ཡང་<<རྒྱ་བོད་ཆོས་འབྱུང་རྒྱས་པ>>ལས། “དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ” ཞེས་དང༌། “རྗེ་ལ་རྔན་ནམ་སྒྲངསབྱབྱཞེས་དང༌།  ”ཡང་གསང་ཐེ་བྲང་ལས་ཆད་པའི་ལུགས་རྗེའི་རྔན་ནམ་འཚང་ལགས་པས་འོ་སྐོལ་རྨངས་ (དམངས་) ཕལ་བ་རྣམས་ཀྱིས་གླེང་ལ་མི་འཐད་པ་ལགས་སྐད་དོ།” ཞེས་པའི་དོན་ལ་ངེས་པ་ཞིབ་མོ་རྙེད་ན།  ཡོ་ག་ལྷ་གྱེས་ཅན་གྱི་ལུགས་བཅོས་མའི་ལོ་རྒྱུས་ཤིག་ཏུ་མ་ཟད།  གཉའ་ཁྲི་བཙན་པོའི་རུས་ཁུངས་ངོ་མ་གང་ཡིན་ལ་གཟོད་ངེས་པ་རྣལ་མ་ཞིག་སྐྱེ་ཐུབ།  རྒྱུ་མཚན་དེས་གཉའ་ཁྲི་བཙན་པོ་གནམ་གྱི་ལྷ་ནས་མི་རྗེར་གཤེགས་པའང་མ་ཡིན་ལ། རྒྱ་གར་ནས་བྲོས་བྱོལ་དུ་ཡོང་མི་ཞིག་བོད་རྗེ་བྱེད་པའང་གཏན་ནས་མིན་པ་བདེན་པ་ར་སྤྲོད་གཏོང་ཐུབ་པ་མ་ཟད། གཉའ་ཁྲི་བཙན་པོ་བོད་རང་ས་ནས་སྐྱེས་པའི་རང་མི་ཁོ་ནར་ཐེ་ཚོམ་དགོས་དོན་ཅི་ཡང་མེད་དོ།

 

                རྩ་བའི་བཤད་སྟངས་གསུམ་པ་ནང་ཆོས་བོད་དུ་དར་ཕྱིན་ཆད་བྱུང་བར་ཐེ་ཚོམ་མེད། སྤྱིར་བཏང་ང་ཚོའི་གདོད་མའི་སྤྱི་ཚོགས་ནང་ཁ་ཞེ་གཉིས་མེད་ཀྱིས་བོན་ཆོས་ལ་དགའ་གུས་དད་ཞེན་ཆེ་བ་དང༌། འབྱུང་ལྔའི་ལྷ་ལ་ཡིད་གཙིགས་བརྟན་པ། བོན་པོ་དར་རྒྱས་སོང་བའི་འགྲོ་བ་མིའི་འདུས་ཚོགས་ཤིག་ཡིན་སྟབས། གནམ་གྱི་ལྷ་ལས་བྱོན་ཞེས་པའི་ཚིག་སྒྲུབ་དེ་བཟོས་པ་དང༌། དེ་རྗེས་སྤྱི་ཚོགས་ལ་འཕོ་འགྱུར་བྱུང་སྟེ་བོན་ཆོས་རྒྱུན་གནས་ལ་གོད་ཆག་ཆེན་པོ་ཐེབས། ནང་ཆོས་བོད་དུ་དར་ཕྱིན་མི་རྣམས་རང་སེམས་ལ་རྩ་ཆེ་ཤོས་དང་ཨང་རིམ་དང་པོ་དེ་སངས་རྒྱས་ཆོས་ལུགས་བརྩིས་པ་ནས་བཟུང་བོད་རྒྱལ་གྱི་རུས་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་དང༌། དེ་ཡང་ཤཱཀྱའི་རིགས། མཐར་དེད་ན་མང་བཀུར་ལ་གཏུགས་པ་འདི་ནང་ཆོས་ཀྱིས་བོད་མིའི་བསམ་བློར་དབང་བསྒྱུར་བྱས་པའི་གྲུབ་འབྲས་སམ་སྐབས་དེའི་བསམ་བློའི་འདུ་ཤེས་མཚོན་རྟགས་ཀྱི་གཟུགས་བརྙན་མངོན་གསལ་ཞིག་རེད། དེས་ན་འདི་གཉིས་ཐོག་མར་ལོ་རྒྱུས་འབྲི་རྩོམ་གནང་མཁན་རང་ཉིད་ཆོས་ལུགས་གང་ལ་དད་མོས་དང༌། རྒྱལ་བོའི་ཆེ་བ་འདོན་ཁུལ་གྱི་ཆེད་བསྒྲགས་ཤིག་ལས་དྲང་བདེན་དང་དངོས་ཡོད་ཅིག་ཏུ་མཐོང་དཀའ། འདས་པའི་ལོ་རྒྱུས་ལ་ཕྱི་མིག་འཕངས་ན་མྱོང་བས་ངེས་རྟོགས་ཐུབ་པ་ཡིན། དེ་ཡང་ཆོས་ཀྱི་ལོ་རྒྱུས་སྨྲ་མཁན་ཚོས་རྗེ་གཉའ་ཁྲི་དང་བོད་རྗེ་འཚོལ་མཁན་ཕྱུགས་རྫི་རྣམས་ཐོག་མར་མཇལ་འཕྲད་སྐབས་ཕན་ཚུན་སྐད་བརྡ་མ་འཕྲོད་སྟབས་བཙན་པོས་གནམ་ལ་མཛུབ་མོ་ཀེར་བས་གནམ་གྱི་ལྷ་ནས་འོངས་པར་གོ་ནས་སོགས་བཤད་པ་གོང་གསལ་རྩ་བའི་འཆད་ལུགས་ལ་བསམ་གཞིགས་ཅུང་ཟད་བཏང་ན་རང་ཞིག་ཏུ་འགྲོ་བར་སྐུ་ཚེགས་ཅི་ཡང་མེད་དོ།

 

                བོད་ཀྱི་ལོ་རྒྱུས་ཐོག་གཉའ་ཁྲི་བཙན་པོ་བོད་རྒྱལ་དང་པོར་མི་མཐུན་པ་མེད་མོད། འབྱུང་ཁུངས་ལ་རྩ་བའི་བཤད་ཚུལ་གསུམ་ཀ་གོ་སླའི་ངག་གིས་རགས་རིམ་རེ་བཤད་པ་དེ་འདྲ་རེད། ང་ཚོས་ངེས་པར་བརྟག་དཔྱད་བྱེད་དགོས་པ་ཐེ་རང་ལས་ཆད་ལུགས་འདི་ཡིན་ལ། གཉའ་ཁྲི་བཙན་པོའི་རུས་ཁུངས་ཀྱང་དེར་ཐུག་པས་དོ་སྣང་བྱེད་པ་གལ་གྱི་དོན་པོ་ཞིག་རེད། དེ་ལྟར་བྱེད་པའི་ཁུངས་གང་ཡོད་ཅེ་ན། གོང་དུ་ཐེ་རང་མང་སྐ་ཨུ་བེ་ར་རྒྱལ་པོའི་རུས་ཁུངས་དང༌། ཁྲི་རྒྱལ་བའམ་ཁྲི་གར་གྱི་བདུན་ཚིགས་དང་དམུ་ཟ་གཉི་མཐིང་མའམ་དྲི་མུ་དྲི་བཙན་བཤོས་པའི་སྲས་གཉའ་ཁྲི་བཙན་པོ་ཡིན་ཞེས་བཤད་པ་དེས་རང་གི་རུས་ཁུངས་དང་ཡབ་ཡུམ་གྱི་མཚན་བཅས་བཤད་ཟིན་པ་འདིར་བླངས་ཏེ། དེའི་འཕྲོར་ཡུལ་ཡང་བོད་རང་གི་ས་སྟེ། <<བློན་པོ་བཀའི་ཐང་ཡིག>>ལས། “སྤུ་ཡུལ་མོ་བཙུན་གུང་རྒྱལ་ལ་”༡༠ཞེས་དང༌། <<རྒྱ་བོད་ཆོས་འབྱུང་རྒྱས་པ>>ལས “ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་བཙུན་བྱ་བའི་རུམ་ནས་”༡༡ཞེས་དང༌། <<ལྡེའུ་ཆོས་འབྱུང་>>ལས། “ཡུལ་ཡུ་(སྤོ་སྤུ་)ཡུལ་ནས་ཡུའི་(སྤུའི་)མི་མོ་བཙུན་གྱི་རུམ་ནས་”༡༢ ཞེས་སོགས་ཞལ་འཆམ་པོའི་ངང་ནས་བོད་ལྗོངས་སྤོ་བོའི་ཡུལ་ལ་ངོས་འཛིན་གནང་བ་དང༌། སྤུ་ཡུལ་(སྤོ་བོའི་ཡུལ་)དེ་ས་ཁུལ་སྤྱི་མིང་ཞིག་ཡིན་པ་དང༌། དེ་ཡང་བྱེ་བྲག་ཕྱེ་ན་སྤུ་མི་སྤོ་མིསནས་ཡིན་པ་ཆོས་འབྱུང་ཕྱི་མ་གཉིས་ལས་གསལ་བ་དང༌། འདི་སྐོར་རང་ལ་ས་རྒྱུས་མེད་པས་དེང་དུས་གང་ཡིན་ཆ་མ་འཚལ་མོད། འོན་ཀྱང་བོད་རིག་པའི་ཆེད་རྩོམ་གཅེས་བཏུས་ལས། “གཉའ་ཁྲི་བཙན་པོའི་འཁྲུངས་པའི་ས་ཆ་ནི་སྤུ་པོའི་ཡུལ་ཏེ་ད་ལྟའི་ཉིང་ཁྲི་ས་ཁུལ་ཁོངས་སྤོ་མེས་རྫོང་ནས་ཡིན་པ་དང་”༡༣ཞེས་པ་འདི་ལས་དཔོག་ཐུབ།

 

                རྒྱུ་མཚན་དེ་དག་ལ་བརྟེན་གཉའ་ཁྲི་བཙན་པོའི་རིགས་རུས་གོང་མ། ཡབ་ཡུམ་གྱི་མཚན། ས་གནས་གང་དུ་འཁྲུངས་མིན་བཅས་ལ་བསམ་ཞིབ་བྱས་ན་ཚང་མ་བོད་རང་ས་ལས་སྐྱེས་པའི་རང་མི་ཞིག་ཡིན་པ་ཐག་བཅད་དེ་སྨྲ་སྤོབས་སོ།།

 

                འོ་ན་གཉའ་ཁྲི་བཙན་པོ་དུས་ནམ་ཞིག་བྱོན་ཅེ་ན། བོད་རྒྱལ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་དང་ཁྲི་ལོ་བརྩི་སྟངས་འདྲ་མིན་མང་ཡང་འདིར་རེ་ཟུང་བཀོད་ན། སུམ་པའི་རྩིས་གཞུང་བུ་དང་ཆོས་འབྱུང་དུ་གཉའ་ཁྲི་བཙན་པོ་སྤྱི་ལོ་སྔོན་གྱི་ལོ་ ༤༡༧ ལ་འཁྲུངས་པར་བཞེད་ཅེས་ཞབས་དྲུང་བསྟན་རྩིས་ལས་གསུངས།༡༤ དེ་ལྟར་བརྩིས་པས་ད་བར་ལོ་ ༢༤༡༤ སོང་འདུག གནས་བརྟན་པས་ད་བར་རང་ཅག་སྟོན་པའི་འདས་ལོ་ ༢༥༤༡ སོང་བར་བཞེད་པ་དེང་སང་འཕགས་བོད་ཀུན་ལ་ཡོངས་སུ་གྲགས། བརྩི་གཞི་དེའི་ཐོག་ནས་གཉའ་ཁྲིའི་འཁྲུངས་ལོ་གཏན་འབེབས་བྱེད་ན། སྟོན་པའི་འདས་ལོ་ ༡༢༧ ལ་གཉའ་ཁྲི་བཙན་པོ་འཁྲུངས་དགོས། ཕྱིས་བྱོན་ཆོས་ཀྱི་ལོ་རྒྱུས་མཁན་པོ་ཚོས་གཉའ་ཁྲི་བཙན་པོ་རྒྱ་གར་རྒྱལ་རྒྱུད་རུ་བ་ཏི་ལ་ཁུངས་གཏུགས་པའང་དུས་ཚོད་མཐུན་པ་ཞིག་ལ་སྦྱོར་བར་ངེས། དེ་ཡང་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཤར་པ། རབ་སྣང༌། གསལ་རྒྱལ་བཞི་སྟོན་པ་དང་དགུང་མཉམ་ཡིན། འདི་དག་སྟོན་པའི་གོང་དུ་འདས་པར་བཤད། ཤར་པའི་སྲས་སྐྱ་སེང་དང་དམག་བརྒྱ་བ་གཉིས་ཡིན། དམག་བརྒྱ་བའི་སྲས་རུ་བ་ཏི་གཉའ་ཁྲི་བཙན་པོ་ཡིན་ཞེས་བཤད་པས། གང་ལྟར་དུས་ཚོད་མཐུན་པར་སྣང་བས་བོད་རྒྱལ་དེ་ཉིད་སྟོན་པའི་འདས་ལོ་ ༡༢༧ ལ་འཁྲུངས་ཞེས་པའང་རྒྱུ་མཚན་ཆེ་སྙམ། ད་དུང་ཀུན་མཁྱེན་བསྟན་རྩིས། བཻ་དཀར། བླ་བྲང་གདན་རབས་བཅས་ལས་སྤྱི་ལོ་སྔོན་གྱི་ལོ་ ༢༣༧ ལ་བྱོན་ཞེས་བསྟན་རྩིས་ཀུན་བཏུས་༡༥ལས་གསུངས། དེང་དུས་ཕལ་ཆེ་ཡོངས་སུ་གྲགས་པ་ནི་སྤྱི་ལོ་སྔོན་གྱི་ལོ་ ༡༢༧ ལ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་རྒྱལ་སར་འཁོད་ཅེས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། དེས་ན་བོད་རྗེའི་ཁྲི་ལོ་སྟོན་པའི་འདས་ལོ་དང་སྦྱར་ན་སྟོན་པ་འདས་ནས་ ༤༡༧ དང༌། སྤྱི་ལོ་སྔོན་གྱི་ལོ་ ༡༢༧ ལ་ཁྲིར་འཁོད་དགོས། དེ་ལྟར་ན་རབ་གནས་མེ་གླང་ལོ་འདི་བོད་རྒྱལ་ལོ་ ༢༡༢༤ ཡིན་པ་བཅས་རེད། གོང་འོག་བསྡུར་ན་ད་དུང་ལོ་ཚིགས་ལ་ཧེ་བག་ཆེ་བས་དཔྱད་དགོས་པའི་གནས་སུ་མཐོང་ངོ༌།

 

                དེ་ལྟར་བོད་རྒྱལ་གཉའ་ཁྲི་བཙན་པོའི་ཕ་མེས་ཀྱི་རྒྱུད་པ། རང་གི་འཁྲུངས་གཞིས། བྱོན་པའི་དུས་ཚིགས་བཅས་གནའ་རབས་ལོ་རྒྱུས་དང༌། གསར་རྩོམ་ཚད་ཐུབ་ཀྱི་གཞུང་ལ་ཁུངས་གཏུགས་ནས་རང་གི་བསམ་ཚུལ་སྲོང་བརྗོད་ཞུས་ཟིན་ནང་ནོངས་འཁྲུལ་ངེས་པར་ཡོད་སྲིད་པས་ཐད་ཀར་ལམ་སྟོན་གནང་བའི་རེ་བསྐུལ་ཞུ། 

 

སྨྲས་པ། རབ་གནས་མེ་གླང་ཁྲུམས་སྟོད་དམར་ཕྱོགས་ཀྱི། །དགའ་བ་གཉིས་པར་ཡོངས་སུ་རྫོགས་གྲུབ་བྱས་ཏེ། །གངས་ཅན་ཤེས་རིག་འཕེལ་བའི་ཁྲོམ་སྟེགས་སུ། །དགའ་གུས་རྣམ་འགྱུར་དང་བཅས་འདི་ཕུལ་ལོ།

 

མཆན།

ཤེས་རིག་པར་ཁང་ནས་དཔེ་སྐྲུན་གནང་བའི་བློན་པོ་བཀའི་ཐང་ཡིག སྤྱིའི་ཨང་རྟགས་ཤོག་གྲངས་ ༤༨༨ པའི་རྒྱབ། དཔེ་གཟུགས་སྣ་ཐུང༌།

གངས་ཅན་རིག་མཛོད། དེབ་གསུམ་པའི་ཤོག་གྲངས་ ༢༢༧ ནས་ ༢༣༢ བར་གསལ།

ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང༌། ཤོག་གྲངས་ ༡༠༠ ན་གསལ།

བློན་པོ་བཀའི་ཐང་ཡིག དཔེ་གཟུགས་མའི་ཤོག་གྲངས་ ༤༨༨ པའི་རྒྱབ།

ལྡེའུ་ཆོས་འབྱུང༌། ཤོག་གྲངས་ ༩༩ ན་གསལ།

གངས་ཅན་རིག་མཛོད། དེབ་གསུམ་པའི་ཤོག་གྲངས་ ༢༢༦ ན་གསལ།

ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང༌། ཤོག་གྲངས་ ༡༧༤ ན་གསལ།

གངས་ཅན་རིག་མཛོད། དེབ་གསུམ་པའིཤོག་གྲངས་ ༢༢༧ ན་གསལ།

གངས་ཅན་རིག་མཛོད། དེབ་གསུམ་པའི་ཤོག་གྲངས་ ༢༣༨ ན་གསལ།

༡༠ བློན་པོ་བཀའི་ཐང་ཡིག སྤྱིའི་ཨང་རྟགས་ ༤༨༨ ན་གསལ།

༡༡ གངས་ཅན་རིག་མཛོད། དེབ་གསུམ་པའི་ཤོག་གྲངས་ ༢༢༦ ན་གསལ།

༡༢ ལྡེའུ་ཆོས་འབྱུང༌། ༩༩ ན་གསལ།

༡༣ ༡༩༨༧ ལོའི་བོད་རིག་པའི་ཆེད་རྩོམ་གཅེས་བསྡུས། ཤོག་གྲངས་ ༢༡ ན་གསལ།

༡༤ བསྟན་རྩིས་ཀུན་བཏུས། ཤོག་གྲངས་ ༥༧ ན་གསལ།

༡༥ བསྟན་རྩིས་ཀུན་བཏུས། ཤོག་གྲངས་ ༦༦ ཏུ་གསལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.