སྟག་ལུང་ཤེས་རབ་རྒྱ་མཚོ།


༄༅།། ས་གཞི་རིལ་པོའི་སྒང་དུ་འགྲོ་བ་མི་ཆགས་ནས་རིམ་གྱིས་ལུས་ཀྱི་སྟོབས་དང་། ངག་གི་རྩལ། ཡིད་ཀྱི་རྣམ་རིག་ཇེ་གསལ་དུ་ཕྱིན་ཏེ་འཛམ་གླིང་ཤར་ནུབ་གང་སར་ཤེས་རིག་གི་དཔལ་ཡོན་རྒྱ་མཚོའི་རླབས་བཞིན་འཕེལ་རྒྱས་བྱུང་ཞིང་། ཉིན་མཚན་ཁོར་མོ་ཡུག་ཏུ་དཀའ་སྤྱད་ཆུ་བོའི་རྒྱུན་ལ་བརྟེན་ནས་ཤེས་རྒྱུད་ཀྱི་ཞིང་སར་ཡོན་ཏན་གྱི་ལོ་འབྲས་ཕུན་སུམ་ཇེ་ཚོགས་སུ་སོང་བ་ནས། མི་སྡེའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གནས་ཚད་འཇལ་བྱེད་ཀྱི་ངོས་འཛིན་མཚན་རྟགས་ཀྱང་སྣ་མང་ཞིག་བྱུང་། དཔེར་ན། ཕྱི་ལོ་མ་བྱུང་བའི་སྔོན་ནས་རིག་གཞུང་གི་དཔལ་ཡོན་རབ་ཏུ་རྒྱས་ཤིང་སེམས་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་ལྟ་ཚུལ་འདྲ་མིན་གྱི་གྲུབ་མཐའི་རྣམ་གཞག་དུ་མ་དར་བའི་རྒྱ་གར་འཕགས་པའི་ཡུལ་དུ། སྐྱེས་བུ་སོ་སོའི་སྤྱངས་ཡོན་གྱི་གནས་ཚད་ལ་གཞིགས་ནས་མཁས་པའི་མཚན་རྟགས་འབུལ་ཚུལ་ཡང་མང་པོ་ཞིག་བྱུང་ཞིང་། དར་ཆེ་བ་གཞུང་ལུགས་ཀུན་ལ་སྦྱངས་ཏེ་བསླབ་པ་མཐར་སོན་པར་མཁན་པོ་དང་། སྡེ་སྣོད་གསུམ་མང་དུ་ཐོས་ཤིང་ལུང་གིས་ཐུགས་རྒྱུད་གཏམས་པར་སློབ་དཔོན། རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་མཁས་པར་པཎྜི་ཏ་ཞེས་རྗེས་གྲུབ་ཀྱི་མཚན་རྟགས་ཆེ་བསྟོད་འབུལ་སྲོལ་འདྲ་མིན་བྱུང་།


            བོད་གངས་ཅན་གྱི་ལྗོངས་འདིར་དུས་རབས་གསུམ་པར་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ཤིང་། དུས་རབས་བརྒྱད་པ་ནས་རིམ་གྱིས་བསྟན་པ་འཕེལ་རྒྱས་ཕྱིན་ནས། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ཀུན་ལ་སྦྱངས་པ་གནད་སྨིན་བྱས་ཏེ་མཁས་པའི་ཕ་མཐར་སོན་པ་ན་མཁན་པོ་དང་། སློབ་དཔོན། པཎྜི་ཏ། བཀའ་བཞི་པ། བཀའ་བཅུ་པ། རབ་འབྱམས་པ། གླིང་བསྲེ་པ། ལྷ་རམས་པ། ཚོགས་རམས་པ། རྡོ་རམས་པ་སོགས་རང་གི་ཡོན་གནས་དང་འཚམ་པའི་མཚན་རྟགས་ཀྱི་ཐ་སྙད་མི་འདྲ་བ་ཇི་སྙེད་ཅིག་བཏགས་ཏེ་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་ཆོས་སྡེ་ཆེན་པོ་རྣམས་ཀྱི་ཁྲོད་དུ་དར་ཁྱབ་ཧ་ཅང་བྱུང་བའི་ཚུལ་རོབ་ཙམ་གླེང་ན།


           བཀའ་བཞི་པ་ནི། དཔལ་ས་སྐྱ་པའི་ཕྱོགས་སུ་གཞུང་ཆེན་མོ་ཕར་ཕྱིན་དང་། དབུ་མ། མཛོད། འདུལ་བ་བཅས་བཞི་ལ་བསླབ་པ་མཐར་སོན་ཏེ་གཞུང་ལུགས་རབ་འབྱམས་སྨྲ་པའི་དམ་བཅའ་བཞག་པ་ལ་བཀའ་བཞི་པ་ཞེས་མཚན་རྟགས་གསོལ་བའི་སྲོལ་བྱུང་། མཁས་པ་འགའ་ཞིག་གིས། བཀའ་བཞི་པའི་མཚན་བཏགས་ཐོག་མར་བཞེས་མཁན་འཇམ་མགོན་བླ་མ་ཙོང་ཁ་པ་ཡིན་ཚུལ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང་། དུས་རབས་བཅོ་ལྔ་པའི་ནང་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་གསར་བཏོད་གནང་ཚུལ་གསུངས་མོད། འོན་ཏེ། དཀའ་བཞི་པ་རིགས་པའི་སེང་གེའི་རྣམ་ཐར་ལས། དམ་པ་ཁོང་རབ་བྱུང་ལྔ་བའི་མེ་ཕག་ཕྱི་ལོ་ ༡༢༨༧ ལ་ཡབ་སྒང་རིང་དང་། ཡུམ་རྩོམ་ཟ་གཉིས་ཀྱི་སྲས་སུ་འཁྲུངས་ཞེས་པ་དང་། མཁས་པར་གྱུར་ཏེ་ས་སྐྱར་ཕེབས། དཀའ་བཞི་པའི་མཚན་རྟགས་བླངས། ཞེས་སོགས་གསུངས་པས། བཀའ་བཞི་པ་ནི་དུས་རབས་བཅུ་གསུམ་པ་ནས་བྱུང་ཡོད་པ་གསལ་པོར་རྟོགས། རྣམ་ཐར་དུ་དཀའ་བཞི་ལས་བཀའ་བཞི་ཞེས་མ་གསུངས་པས་བསྟན་བྱ་ཐ་དད་པ་སྙམ་པའི་དོགས་པ་འཆར་སྲིད་མོད། དེ་ལ་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། དཀའ་རམས་དང་བཀའ་རམས་ནི་གཞུང་མང་པོར་སྣང་སྟེ། ཡི་གེའི་ཆ་ནས་འདམ་ང་ཡིན། ཞེས་གསུངས་པ་ལྟར། དཀའ་བཞི་པ་དང་བཀའ་བཞི་པ་ཞེས་ཚིག་མི་འདྲ་བ་ལོ་རྒྱུས་རྣམ་ཐར་སོགས་སུ་མང་པོ་གསལ་ཡང་སྐབས་དོན་ར་འཕྲོད་པ་ལ་ཁྱད་པར་མ་མཐོང་ངོ་།།


             བཀའ་བཅུ་པ་ནི། དཔལ་ས་སྐྱ་པའི་ཕྱོགས་སུ་བསྡུས་གཞུང་དང་། བློ་རིག རྟགས་རིགས། ས་ལམ་རྣམ་གཞག དོན་བདུན་ཅུ། ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས་ཏེ་གྲྭ་སྐོར་གནང་བར་བཀའ་བཅུ་པའི་མཚན་རྟགས་བྱུང་སྙམ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས། བཀའ་བཅུ་པའི་ཐོག་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་ཚབ་རྗེ་བཅས་རིམ་པར་ཐོན་ཏེ། ཞེས་གསུངས་པ་དང་། མཁས་པ་ལ་ལས་ཀྱང་། དུས་རབས་བཅུ་བཞིའི་ལོ་རབས་དགུ་བཅུ་པའི་མཇུག་ཏུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞུང་ལུགས་བཅུ་ལ་དམ་བཅའ་བཞག་པར་བཀའ་བཅུ་པའི་ཐོག་མ་ཡིན་ཚུལ་གསུངས་མོད། འོན་ཀྱང་དཔལ་ས་སྐྱའི་མཁས་པ་དང་གྲུབ་པའི་དབང་ཕྱུག་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་རྣམ་ཐར་དུ། རབ་བྱུང་བདུན་པའི་ལྕགས་ཡོས་ཕྱི་ལོ་ ༡༤༡༡ ལོར་རོང་གི་སྣར་སྡེ་སྤེལ་འཁྲུངས། ཞེས་དང་། དགུང་ལོ་བཅོ་བརྒྱད་པར་རྩེད་ཐང་དུ་དཀའ་བཅུའི་གྲྭ་སྐོར་མཛད། ཅེས་གསུངས་པ་ལ་གཞིགས་ན་དུས་རབས་བཅུ་བཞི་པའི་ལོ་རབས་ཉི་ཤུའི་ནང་བཀའ་བཅུ་པའི་མཚན་རྟགས་རྩེད་ཐང་ཆོས་སྒར་དུ་བྱུང་ཟིན་འདུག་གོ།


             རབ་འབྱམས་པ་ཞེས་པ་ནི། མཁས་པ་ལ་ལས་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་འབྲས་ཡུལ་སྐྱེད་ཚལ་དུ་སློབ་གཉེར་གྱི་ལྟེ་གནས་གསར་དུ་བཙུགས་ཏེ་གཞུང་ལུགས་བཀའ་པོད་ལྔ་ལ་དམ་བཅའ་བཞག་པའི་མཁས་པར་རབས་འབྱམས་པ་ཞེས་པའི་མཚན་རྟགས་གསར་དུ་བྱུང་ཚུལ་གསུངས་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང་། རབ་འབྱམས་པའི་མིང་བཏགས་བླངས་པ། གསང་ཕུ། རྭ་བ་སྟོད། ཚལ་གུང་ཐང་། དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་དབུས་གཙང་གི་གདན་ས་ཆེན་པོ་དྲུག་ཟེར་ཞིང་། དེ་དག་ཏུ་ཐོས་བསམ་སློབ་གཉེར་གྱི་ཆུ་ཚད་མཐོ་དམན་ལ་གཞིགས་པའི་མིང་བཏགས་ཀྱི་ཡིག་ཚད་གཏོང་བའི་ལམ་ལུགས་མེད་ཅིང་། རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་གཞུང་ཆེན་པོ་ལྔ་ལ་ཐོས་བསམ་སློབ་གཉེར་ཐོན་རིམ་བཞིན་གོང་གསལ་གྱི་གདན་ས་ཆེན་པོ་དྲུག་ལ་གྲྭ་སྐོར་གནང་སྟེ་རབ་འབྱམས་པའི་མིང་བཏགས་ལེན་པའི་སྲོལ་བཙུགས། དེའི་ནང་ནས་གནས་ཚད་མཐོ་དམན་གྱི་དབང་གིས་རིམ་པ་གསུམ་དུ་ཕྱེས་ཡོད། གཞུང་ཆེན་པོ་མངོན་པ་གོང་འོག་གཉིས། དབུ་མ། ཕར་ཕྱིན། རྣམ་འགྲེལ་བསྡུས་གྲྭ། འདུལ་བ་ཆ་ཚང་བར་སློབ་གཉེར་ཐོན་པ་དཀའ་བཅུ་པ། གཞུང་ཆེན་པོ་ལྔ་ཡི་ནང་ནས་བཞི་ལ་སློབ་གཉེར་ཐོན་པ་དཀའ་བཞི་པ། གཞུང་ཆེན་པོ་ལྔའི་ནང་ནས་གཉིས་ཙམ་ལ་སློབ་གཉེར་ཐོན་པ་རབ་འབྱམས་པ་ཞེས་གསུངས་ཀྱང་། གོང་ཞུས་ལྟར་ཁོང་གི་རྣམ་ཐར་དུ་དགུང་ལོ་བཅོ་བརྒྱད་པར་རྩེད་ཐང་དུ་དཀའ་བཅུའི་གྲྭ་སྐོར་མཛད། ཉེར་བརྒྱད་པར་དཔལ་ལྡན་ས་སྐྱར་པོ་ཏི་ཞེ་ལྔའི་དམ་བཅའ་མཛད་དེ་བྱམས་ཆེན་རབ་འབྱམས་པ་ཞེས་གྲགས། ཞེས་གསལ་བས་ཁོང་གི་མཛད་རྣམ་ལ་གཞིགས་ན་འབྲས་ཡུལ་སྐྱེད་ཚལ་དུ་སློབ་གཉེར་གྱི་ལྟེ་གནས་གསར་དུ་བཙུགས་རྗེས་རབ་འབྱམས་པའི་མཚན་རྟགས་བྱུང་ཚུལ་དང་། གཞུང་ཆེན་པོ་ལྔའི་ནང་ནས་གཉིས་ཙམ་ལ་སློབ་གཉེར་ཐོན་པར་རབ་འབྱམས་པའི་མཚན་བྱང་ཐོགས་ཚུལ་གསུངས་པར་མཁས་པས་ཐུགས་མཉམ་?ཅུང་ཤོར་བར་སྣང་ངོ་།།


           གླིང་བསྲེ་པ་ནི། དུས་རབས་བཅུ་གཅིག་པའི་ལོ་རབས་བདུན་ཅུའི་ནང་མཉམ་མེད་ཇོ་བོ་རྗེའི་དངོས་སློབ་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་བཏབ་པའི་གསང་ཕུ་དགོན་པར་གླིང་སྟོད་སྨད་གཉིས་མཉམ་དུ་བསྲེས་ཏེ་འཚོགས་དབུས་ནས་བཀའ་པོད་ལྔ་ལ་དམ་བཅའ་བཞག་པར་གླིང་བསྲེ་པ་ཞེས་པའི་མཚན་རྟགས་བྱུང་། ཕྱིས་སུ་དུས་རབས་བཅོ་ལྔ་པར་དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་སྟོད་སྨད་གཉིས་བསྲེས་པའི་དབུས་ནས་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་བཞག་པ་ནས། རི་བོ་དགེ་ལྡན་པའི་གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་སོ་སོའི་ཚོགས་ཆེན་དུ་གླིང་ཡོངས་ཀྱི་དགེ་འདུན་པ་རྣམས་གཅིག་ཏུ་བསྲེས་ནས་འདུས་མང་གིས་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེའི་དགེ་བཤེས་ཞེས་མཚན་རྟགས་གསོལ་བའི་སྲོལ་དར་བར་གྲགས།


           ལྷ་རམས་པ་ནི། དུས་རབས་བཅོ་ལྔ་པ་ནས་འཇམ་མགོན་བླ་མ་ཙོང་ཁ་པས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་མཛད་ནས་རིམ་གྱིས་སེ་ར་ཐེག་ཆེན་གླིང་དང་དཔའ་ལྡན་འབྲས་དཀར་སྤུངས་པ་བཅས་གདན་ས་ཆེན་མོ་གསུམ་བྱུང་། ཆོས་ཀྱི་ཞིང་ས་དེ་རུ་དཔལ་ན་ལེནྡྲའི་བཎ་གྲུབ་བཅུ་བདུན་ལྟ་བུའི་མཁས་པ་དང་གྲུབ་པའི་དབང་ཕྱུག་མང་པོ་བྱོན་ནས། དུས་རབས་བཅུ་བདུན་པའི་ལོ་རབས་ཉི་ཤུའི་ནང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེའི་ཚབ་གནང་སྐབས། གདན་ས་གསུམ་གྱི་སློབ་གཉེར་པ་ལེགས་གྲས་རྣམས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རིང་བཀའ་པོད་ལྔའི་གཞུང་ལུགས་རབ་འབྱམས་ལ་དམ་བཅའ་འཇོག་པའི་དགེ་བཤེས་ཀྱི་སྲོལ་གཏོད་པ་ནས། ལྷ་ལྡན་རབ་འབྱམས་པའི་མིང་བསྡུས་ནས་ལྷ་རམས་པ་ཞེས་མཚན་རྟགས་ཐོག་མར་བྱུང་། སྐབས་དེར་དགེ་བཤེས་ལྷ་རམས་པ་ཨང་དང་པོ་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་འབྲུག་ལྟག་པ་ངག་དབང་དཔལ་བཟང་དང་། སྒོ་མང་དགེ་བཤེས་དོམ་ཉག་པ་བསོད་ནམས་ཆོས་བཟང་གཉིས་ཡིན་པས། ཁོང་རྣམ་གཉིས་ལ་འབྲས་སྤུངས་དགེ་བཤེས་དོམ་འབྲུག་གཉིས་ཞེས་མཚན་སྙན་བོད་ཁམས་ཡོངས་སུ་གྲགས།


         ༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་བཅུ་བཞི་པ་མཆོག་གི་ཐུགས་སྨོན་ལྟར། ཉེ་བའི་དུས་རབས་ནང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གསར་དུ་བཙུགས་ཏེ་རྒྱུགས་སྤྲོད་ཡར་རྒྱས་ཚགས་ཚུད་ཀྱིས་མི་ལོ་ཉི་ཤུ་ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་སློབ་སྦྱོང་མཐར་ཆགས་བྱས་ནས། བསྐྱར་དུ་བཀའ་རམས་གཞུང་ལུགས་འཛིན་པ་ལོ་གཉིས་དང་། སློབ་དཔོན་མང་དུ་ཐོས་པ་ལོ་གཉིས། ལྷ་རམས་ངག་གི་དབང་ཕྱུག་ལོ་གཉིས་བཅས་ལོ་ངོ་དྲུག་རིང་རྒྱ་བོད་ཀྱི་གཞུང་ལུགས་རབས་འབྱམས་ལ་བསླབས་པ་གནད་དུ་སྨིན་པ་བྱས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ལོ་རེ་རེར་རྒྱུགས་འབྲས་ཀྱི་ཚད་ལོངས་པ་ན་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་སྲོལ་ཡོད་པ་ཡིན་ནོ།།


           ལྷ་ལྡན་རབ་འབྱམས་པའི་མིང་བསྡུས་ནས་ལྷ་རམས་པ་ཞེས་མཚན་ཐོགས་པ་བཞིན། དུས་རབས་བཅུ་དགུའི་ལོ་རབས་བཞི་བཅུའི་ནང་མདོ་སྨད་ཆོས་སྡེ་ཆེན་མོ་སྟག་ཚང་དཔལ་གྱི་ལྷ་མོ་ཀིརྟིེ་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནས། རིག་པའི་དཔའ་བོ་དཀོན་མཆོག་ངག་དབང་དང་། དཀོན་མཆོག་བསྟན་འཛིན་རྣམ་གཉིས་ནས་མི་ལོ་སུམ་ཅུ་མ་ཟིན་ཙམ་ལ་ཚད་མ་དང་། དབུ་ཕར། མཛོད་འདུལ་སོགས་རྒྱ་བོད་ཀྱི་གཞུང་ལུགས་ཀུན་ལ་སྦྱངས་པ་མཐར་སོན་ཏེ་བཀའ་པོད་ལྔའི་གཞུང་ལུགས་རབ་འབྱམས་ཀྱི་དམ་བཅའ་ཉིན་དུ་མའི་རིང་བཞག་པར་ལྷ་རམས་པ་ཞེས། སྟག་ཚང་ལྷ་མོའི་རབ་འབྱམས་པའི་མིང་བསྡུས་ནས་ལྷ་རམས་པ་ཞེས་མཚན་ཐོག་ཚུལ་མཁས་པའི་དབང་པོ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་ནས་གསུངས།


         དུས་རབས་ཉེར་ཅིག་པར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་མཛད་པའི་བཅའ་ཡིག་བློ་གསལ་འཇུག་ངོགས་ལས། དགེ་བཤེས་ལྷ་རམས་པ་ནི། ལོ་ཉིས་བརྒྱ་མ་ཟིན་ཙམ་གྱི་གོང་རོལ་ནས་ཀིརྟི་ཚང་གི་གདན་ས་ཁག་ལ་དགེ་བཤེས་ལྷ་རམས་པའི་ལམ་སྲོལ་དར་བ་ནས་བཟུང་ད་ལྟའི་བར་ལྷ་རམས་རྒྱུན་མ་ཆད་པར་ཕེབས་ཐུབ་ཡོད། ཅེས་གསུངས་པ་དང། བཅའ་ཡིག་ཟུར་རྒྱན་ལས། དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་ཆ་རྐྱེན་ལ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་དང་བཀའ་པོད་བཞིའི་རབ་འབྱམས་པའི་ཕྱག་འཁྱེར་ཡོད་པའི་ཐོག དགེ་བཤེས་ཀྱི་དམ་བཅའི་སྔོན་འགྲོ་གཞུང་ཆེན་བཀའ་པོད་ལྔ་ལོ་གསུམ་ཆ་བགོས་ཀྱིས་སྟོད་སྨད་གཉིས་རེར་ཕྱེས་ནས་རྩོད་རྒྱུགས་དང་། བྲིས་རྒྱུགས་བསྡོམས་པའི་མཐའ་མའི་རྒྱུགས་འབྲས་ཨང་རིམ་ཨང་སྡེ་དང་པོའི་གྲས་སུ་ཚུད་པ་དང་པོ་ལོན་པ་ཞིག་དགོས། ཅེས་གསུངས་པ་ལྟར། ལོ་ངོ་ཉི་ཤུ་ལྷག་རིང་སློབ་སྦྱོང་གནད་སྨིན་བྱས་ཏེ་བཀའ་པོད་རེ་རེར་རབ་འབྱམས་ཀྱི་རྒྱུགས་སྤྲོད་མཐར་ཆགས་བྱས་མཐར། བསྐྱར་དུ་བཀའ་པོད་ལྔ་རེ་རེར་རྒྱུགས་སྤྲོད་བྱས་ནས་རྒྱུགས་འབྲས་ཨང་རིམ་དང་པོའི་གྲས་ཁོ་ན་མ་གཏོགས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་བཞེས་མཁན་གྱི་ཁོངས་སུ་མི་ཚུད་པས། ལྷ་རམས་པའི་མཚན་རྟགས་ཐོབ་པར་ཆོས་སྡེ་ཆེན་པོའི་གདན་ས་གང་ཞིག་ཡིན་ཡང་ཧ་ཅང་དཀའ་བར་སྣང་ངོ་།།


           ཚོགས་རམས་པ་ནི། དུས་རབས་བཅུ་བདུན་པའི་ལོ་རབས་བརྒྱད་ཅུའི་ནང་༸གོང་ས་ལྔ་པ་མཆོག་དགོངས་པ་རྫོགས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་གི་འགན་བཞེས་སྐབས་པོ་ཏ་ལ་ཉམས་གསོའི་ལས་གཞི་ལེགས་འགྲུབ་དང་། བོད་ཀྱི་ཆབ་སྲིད་བབས་ལྷིང་བརྟན་གསུམ་གྱི་ཆེད་༸གོང་ས་ལྔ་པ་ཆེན་མོ་སྐུ་ཞི་བར་གཤེགས་པ་གསང་རྒྱ་དམ་པོ་མཛད་སྐབས། སྡེ་སྲིད་ཀྱིས་༸གོང་ས་ལྔ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་ལ་དམིགས་ཏེ་ཚོགས་མཆོད་ཉིན་བཅུའི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ཀྱི་ལྷ་རམས་དམ་བཅའ་དང་འདྲ་བར་གདན་ས་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་འགར་བཀའ་པོད་ལྔར་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་དམ་བཅའ་འཇོག་ཏུ་བཅུག་པ་ནས། ཚོགས་རམས་པ་ཞེས་པའི་མཚན་རྟགས་བྱུང་། དེང་གི་དུས་སུའང་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་ལྟ་བུར་མཚོན་ན། དགུན་ཆོས་དམ་བཅའ་ཆེན་མོའི་སྐབས་དང་བསྟུན་ནས་དགེ་བཤེས་ལྷ་རམས་པ་རྣམས་དང་ལྷན་དུ་ཉིན་གྲངས་བཅུ་ལྷག་ལ་ཉིན་ལྟར་སྔ་དྲོ་ནས་མཚན་མོའི་བར་ཚོགས་ཐུན་དྲུག་ལ་མཁས་མང་འདུས་པ་རྒྱ་མཚོའི་དབུས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་བཞག་སྟེ། དགེ་བཤེས་ཚོགས་རམས་པའི་མཚན་རྟགས་གནང་སྲོལ་རྒྱུན་ཆགས་སུ་གནས། ཚོགས་རམས་པའི་མཚན་རྟགས་ནི་ལྷ་རམས་ཀྱི་འཕྲོར་དགེ་བཤེས་ཀྱི་མཚན་རྟགས་གཞན་རྣམས་ལས་གནས་རིམ་འཕགས་ཚུལ་གླིང་འདིར་གྲགས་སོ།།


            རྡོ་རམས་པ་ནི། དུས་རབས་ནམ་ཞིག་ཏུ་བྱུང་བ་གསལ་པོར་མ་ངེས་ཀྱང་། དུས་རབས་བཅོ་བརྒྱད་པར་༸གོང་ས་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པ་ནས་རྡོ་རམས་པའི་མཚན་རྟགས་བཞེས་ནས། ཕྱིས་སུ་འབྲས་སྤུངས་ཚོགས་ཆེན་འདུ་ཁང་གི་ཤར་ངོས་སུ་རྒྱལ་དབང་བདུན་པ་ཆེན་པོས་བཀའ་པོད་ལྔའི་དམ་བཅའ་བཞག་སྐབས་ཀྱི་བཞུགས་ཁྲི་རིན་པོ་ཆེ་ཡོད་པ་དེའི་མདུན་ནས་གཞུང་ཆེན་མོ་ལ་མཁས་པ་རྣམས་ཀྱིས་བཀའ་པོད་ལྔའི་དམ་བཅའ་བཞག་ཏེ་དགེ་བཤེས་རྡོ་རམས་པའི་མཚན་རྟགས་ལེན་པའི་སྲོལ་ཞིག་སྔ་མོ་ནས་ཡོད་སྙམ། ༸སྐྱབས་མགོན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་བསྐྱེད་སྨོན་ལས་འཁྲུངས་པའི་མཁས་པ་དང་གྲུབ་པའི་འབྱུང་གནས་ཆོས་ཀྱི་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བ་ནས་འདི་ཁང་གི་རྡོ་གཅལ་ཐང་དུ་བཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་བཞག་པར་དགེ་བཤེས་རྡོ་རམས་པ་ཞེས་མཚན་རྟགས་གསོལ་བའི་སྲོལ་དང་། ཀིརྟིའི་གདན་ས་ཆེ་ཁག་རྣམས་སུའང་དགེ་བཤེས་རྡོ་རམས་པའི་དམ་བཅའ་འཇོག་པ་ལ་སྔོན་འགྲོར་དགེ་བཤེས་རྒྱུགས་སྤྲོད་ཀྱི་རྒྱུགས་འབྲས་ཨང་རིམ་གསུམ་པ་ཐོབ་པ་ཞིག་དགོས་ཤིང་། དེ་ལྟར་ཐོབ་པའི་སློབ་གཉེར་པ་དག་གིས་རང་གི་གདན་ས་ཆེ་ཁག་རྣམས་སུ་རིམ་པ་བཞིན་གྲྭ་སྐོར་མཛད་དེ་གདན་ས་སོ་སོའི་ཚོགས་ཆེན་རྡོ་བཅལ་དུ་གཞུང་བཀའ་པོད་ལྔར་དམ་བཅའ་བཞག་ནས་དགེ་བཤེས་རྡོ་རམས་པའི་མཚན་རྟགས་བཞེས་སྲོལ་ཡོད་དོ།།


           དེང་གི་སྤྱི་ཚོགས་ཁྲོད་དགེ་བཤེས་ཞེས་པའི་མཚན་རྟགས་དེ་རི་བོ་དགེ་ལྡན་པའི་གདན་ས་གང་ཡང་རུང་བ་ཞིག་ལ་བཀའ་པོད་ལྔའི་གཞུང་ལུགས་རབ་འབྱམས་པའི་དམ་བཅའ་བཞག་པའི་དགེ་བཤེས་ག་གེ་མོ་ཁོ་ནར་གོ་མཁན་མང་ཞིང་། ལྷག་པར་མི་རིགས་གཞན་གྱི་ནང་དུའང་དེ་ལྟར་མང་མོད། སྤྱིར་དགེ་བཤེས་ཞེས་པ་བླང་དོར་འཇུག་ལྡོག་གི་ཚུལ་ཇི་བཞིན་སྟོན་པའི་སྐྱེས་བུའམ་གཞུང་ལུགས་ཆེན་མོ་ལ་སྦྱངས་པ་སྨིན་པའི་ཡོན་ཚད་ཅན་ལ་རྗེས་གྲུབ་ཀྱི་བཏགས་མིང་ཞིག་ཡིན། རི་བོ་དགེ་ལྡན་པའི་གདན་ས་རྣམས་མ་བྱུང་གོང་རོལ་ནས་དར་ཁྱབ་ཆེ་བའི་མཚན་རྟགས་ཤིག་ཀྱང་རེད་སྙམ། དཔེར་ན། མབྲོནའབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ། དགེ་གཤེས་སྟོན་པ་ཞེས་པ་དང་། དེ་མཚུངས་དགེ་བཤེས་གླང་རི་ཐང་བ་དང་། དགེ་བཤེས་ཤ་ར་བ། དགེ་བཤེས་དགོན་པ་བ། དགེ་བཤེས་ལྕགས་རི་བ་སོགས་སྔ་མོའི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་བ་ལ་གཞིགས་ན་མཚན་རྟགས་དེ་ཉིད་ཡིག་རིས་སུ་དུས་རབས་བཅོ་ལྔ་པའི་གོང་ནས་ཕབ་ཟིན་པས་ཆོས་བརྒྱུད་རིས་མེད་སྤྱི་ལ་ཁྱབ་པ་ཞིག་ཏུ་སྣང་ངོ་།།


           ཞེས་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་ནས་ཕྲན་ལ་དགེ་བཤེས་ཚོགས་རམས་པའི་དམ་འཇོག་གི་སྐལ་བཟང་མངོན་པར་ཤར་སྐབས། དགེ་བཤེས་ཀྱི་མཚན་རྟགས་བྱུང་རིམ་ལ་ཅུང་ཟད་དཔྱད་གླེེང་གི་ཁུལ་བྱས་ཀྱང་། དཔྱད་གཞིའི་ཡིག་ཆ་འཚོལ་བ་དང་། དབྱེ་ཞིབ་བྱེད་ལོང་དེ་ཙམ་མ་བྱུང་བས་ལོག་པར་བཤད་པའི་ཉེས་ཚོགས་ཇི་སྙེད་ཅིག་ཡོད་སྲིད་པས་ལོ་རྒྱུས་དཔྱད་བརྗོད་ལ་རབ་ཏུ་དགའ་བ་རྣམས་ཀྱིས་ཡོ་བསྲང་མཛུབ་སྟོན་གསལ་པོ་རེ་གནང་རོགས་ཞེས་རེ་སྐུལ་དང་བཅས། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༨ ལ་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་ཞིབ་འཇུག་གི་ས་བོན་ཙམ་དུ་འབྲས་བློ་གླིང་རོང་པོ་ཁང་ཚན་ནས་ཡིག་རིས་སུ་བཏབ་པ་དགེ་ལེགས་འཕེལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.