ཆབ་ཚང་འཇམ་དཔལ།
གཅིག རྩོམ་རིག་ཅེས་པའི་གོ་དོན།
༄༅།། སྤྱིར་བཏང་རྩོམ་རིག་ཅེས་པར་སྒྲ་ཡངས་འཇུག་གི་དབང་དུ་བྱས་པ་དང་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད། དེ་ཡང་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་དོན་གང་ཞིག་ཚིག་གི་སྡེབ་སྦྱོར་ལ་བཅིངས་ཚད་ཀྱི་རྣམ་གྲངས་ཡོངས་རྫོགས་ལ་གོ་དགོས། དཔེར་ན་སུམ་རྟགས་གཉིས་དང་། རྒྱལ་རབས་དང་ཆོས་འབྱུང་། རྟོགས་བརྗོད་དང་རྣམ་ཐར། གླུ་མགུར་དང་བཞད་གར། ཟློས་གར་དང་གསར་འགྱུར་ལྟ་བུ་ཡིན། འགྲེལ་ཚུལ་འདིའི་དབང་དུ་བྱས་ན་རྩོམ་རིག་དང་རྩོམ་རིགས་གཉིས་ཀྱི་དོན་སྟེང་ལ་ཁྱད་པར་གང་ཡང་མེད། སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་གྱི་འགྱིང་ཉམས་ཁྱད་དུ་འཕགས་པ་ཐོན་པའི་གནའ་ནས་ད་བར་གྱི་རྩོམ་རིག་ literature སྤྱི་ཡོངས་ལ་ཟེར་གྱི་ཡོད། སྒྱུ་རྩལ་ཅེས་པ་ནི་རྩོམ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཁྱད་ཆོས་འདི་ལ་བརྟེན་ནས་སྒྲ་ཡངས་དོག་གི་དབང་དུ་བྱས་པའི་རྩོམ་རིག་གཉིས་ཀྱི་གཞི་རྩའི་ཁྱད་ཡོན་གླེང་དགོས་པ་ཞིག་རེད།
འོ་ན་སྒྱུ་རྩལ་ཅེས་པ་ཇི་འདྲ་ཞིག་ལ་ཟེར་སྙམ་ན། དེ་ནི་ཚིག་དོན་སྒྲིག་སྟངས་ཀྱི་ཐབས་ཇུས་དམིགས་བསལ་བ་ཞིག་ལ་ཟེར་གྱི་ཡོད། སྤྱིར་བཏང་བྱས་ན་སྒྱུ་རྩལ་ལ་དྲང་སྲོང་ནིའུ་ལིའི་བུས་“སེན་མོས་བྲད་དང་སོས་གདབ་དང་། །འཁྱིད་པ་དང་ནི་མཐང་སྦྱར་དང་། །བྱ་བ་དང་ནི་ལག་པས་གདབ། །སྒྲ་ཡི་བྱེ་བྲག་དང་དང་ནི། །སྐྱེས་པའི་སྟེང་དུ་ཉལ་དང་བརྒྱད། །རེ་རེ་ལའང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །”ཞེས་སོགས་སྒྱུ་རྩལ་ལ་རྣམ་གྲངས་ཧ་ཅང་མང་པོ་ཡོད་མོད་ཀྱང་། སྐབས་འདིའི་སྒྱུ་རྩལ་ཅེས་པར་བརྗོད་བྱ་དང་རྗོད་བྱེད་གཉིས་གཞི་གཅིག་ཏུ་འབྲེལ་བའི་ཐོག་བརྗོད་དོན་གང་ཞིག་གདམས་གསེས་བྱས་པ་ཀློག་པ་པོས་འཕྲལ་དུ་རྟོགས་མི་ཐུབ་པའི་ཆེད་ཅུང་ཟད་ལྐོག་གྱུར་རམ་སྦས་པའི་ཚུལ་གྱིས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཅིག་དང་། གང་བསྟན་བྱའི་དོན་དེ་མཚུངས་དཔེ་གཞན་ཞིག་བརྒྱུད་མི་དགོས་པར་ཚིག་གི་ངོ་གདོང་རང་གིས་ཐད་ཀར་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཉིས་ཡོད།
སྒྱུ་རྩལ་རྩོམ་རིག་གང་ཞིག་སྤེལ་རུང་རྣམ་གྲངས་དེ་གཉིས་གཞི་རྩར་འཛིན་དགོས་པ་མ་ཟད། སྒྱུ་རྩལ་གྱི་ཆ་དེ་རིགས་བརྒྱུད་ནས་སྐབས་ཐོག་གི་དངོས་བྱུང་འཚོ་བའི་ནང་གི་དགའ་སྐྱོ་ཆགས་སྡང་གི་རིགས་གསོན་ཉམས་ལྡན་པའི་ཐོག་ནས་མཚོན་ཐུབ་པ་བྱེད་དགོས། གསོན་ཉམས་ལྡན་པ་ཞེས་པ་ནི་དངོས་ཡོད་འཚོ་བའི་ནང་གི་སྣང་བརྙན་ཇི་བཞིན་འབྲི་བཞེངས་བྱེད་རྒྱུ་ཙམ་མིན་པར། སྣང་བརྙན་དེ་འདྲ་ཞིག་གཞི་རྩར་བྱས་ཐོག་འབུར་ཐོན་ཅན་གྱི་སྣང་བརྙན་གསར་རྐྱང་ཞིག་བསྐྲུན་ཐབས་བྱེད་དགོས་པ་དེ་ཡིན།
མདོར་བསྡུས་ནས་བཤད་ན། རྩོམ་རིག་ཅེས་པ་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ལ། དེ་ཡང་ཡིད་ཀྱི་འགྱུར་བ་མཚོན་པའི་ངག་གི་བྱེད་ལས་ཁྱད་པར་བ་ཞིག་ལ་གོ་དགོས། དེ་ལ་ཡང་ནང་གསེས་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་པ་དང་མ་གཏོགས་པ་ཅི་རིགས་ཤིག་ཡོད་པ་གོང་དུ་བཤད་ཟིན་ལྟར་ཡིན་ནོ།།
གཉིས། གནའ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཞང་བོད་གཅིག་གྱུར་མ་བྱས་པའི་སྔོན་རྗེས་སོ་སོར་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་ཀྱི་བར་དང་། ལོ་ངམ་དང་གྲི་གུམ་གྱི་སྲས་ཤ་ཁྱི་དང་རུ་ལས་སྐྱེས་སོགས་ཀྱི་བར་བྱུང་བའི་དམར་འཛིང་གི་དོན་རྐྱེན་གྱི་སྔ་རྗེས་སུ་བླངས་པའི་མགུར་དང་། སྲོང་བཙན་གྱིས་དབའས་དབྱི་ཚབ་ལ་བླངས་པའི་མགུར། དབྱི་ཚབ་ཀྱིས་དེའི་ལན་ལ་བླངས་པའི་མཆིད། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱིས་ཞང་ཞུང་ནས་གསང་བརྡའི་རྣམ་པར་བླངས་པའི་མགུར། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་དུས་རྒྱ་ཡུལ་ཕམ་པར་བརྒྱབས་པའི་རྗེས་རྒྱལ་བློན་སོ་སོས་བླངས་པའི་མགུར། འདུས་སྲོང་གིས་མགར་བློ་ལོག་པའི་སྐབས་བླངས་པའི་མགུར། དེ་བཞིན་ཁྱུང་པོ་སྤུང་ཟད་ཀྱིས་གནམ་རི་ལ་འཕྱ་སྨོད་ཀྱི་ཚུལ་དུ་བླངས་པའི་གླུ་སོགས་གླུ་མགུར་མཆིད་གསུམ་གྱི་རིགས་མང་དུ་སྣང་བ་དེ་དག་ནི་བོད་ཀྱི་ཆེས་ཐོག་མའི་ངག་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་ནང་བྱུང་བའི་ཚབ་མཚོན་རང་བཞིན་ཅན་ཤ་སྟག་ཡིན་པས་དེ་དག་གིས་སྐབས་དེ་དང་དེའི་དུས་ཀྱི་རྩོམ་རིག་གི་གནས་ཚད་གསལ་བོར་མཚོན་ཐུབ་པ་ཞིག་ཀྱང་རེད།
དེ་རྗེས་མར་པ་ལོ་ཙཱ་བ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྗེ་མི་ལ་བཞད་པའི་རྡོ་རྗེ། འཁྲུལ་ཞིག་རྒྱ་རས་པ། ཀླུང་ཆེན་རབ་འབྱམས་པ། ཞབས་དཀར་པ་སོགས་ཀྱིས་སྐབས་སོ་སོར་བླངས་པའི་གསུང་མགུར་དཔེ་གཟུགས་དང་། བསྡུས་བརྗོད་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པ་མང་དུ་ཡོད་པ་ཙམ་དུ་མ་ཟད། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་དང་རྗེ་མི་ལ་བཞད་པའི་རྡོ་རྗེ་སོགས་ཀྱི་གསུང་མགུར་འགའི་ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་ཀྱི་གོ་རིམ་མ་འཁྱོལ་བར་བཞག་པ་དང་། ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་གཟུགས་མ་འགྱུར་བར་ཐོན་པ། ཚིག་རྐང་རེ་རེའི་ནང་དུ་གསལ་བྱེད་ཀྱི་སྡེ་བ་རེ་རེ་ཚང་བར་བྱས་པ། ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་ཡང་ཡང་སླེབས་པར་བྱས་པ་སོགས་སྔར་མེད་རྩོམ་ཐབས་ཀྱི་རྣམ་པ་གསར་བཏོད་མང་དུ་བྱས་འདུག དེར་བརྟེན་སྔར་ཡབ་མེས་རྒྱལ་བློན་སོ་སོའི་སྐབས་བླངས་པའི་ངག་ཐོག་གླུ་མགུར་གྱི་རིགས་དང་གཏན་ནས་མི་འདྲ་བར་ནང་དོན་དང་བརྡ་སྐད་སོགས་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད།
མདོར་བསྡུས་ནས་བཤད་ན། སྙན་ངག་མེ་ལོང་མ་བོད་དུ་མ་འགྱུར་བའི་ཡར་སྔོན་དང་། བསྒྱུར་བའི་རྗེས་སུ་བྱུང་བའི་བོད་ཀྱི་ཡིག་ངག་གཉིས་ཐོག་གི་གནའ་རྩོམ་དེ་དག་གི་ཚིག་དོན་གཉིས་ཕན་ཚུན་འབྲེལ་ཆགས་ཤིང་། ཚིག་གི་མཛེས་ཉམས་དང་། དོན་གྱི་རོ་བཅུད་ཤིན་ཏུ་ཆེ་བ། ལྷག་དོན་རང་བཞིན་བརྗོད་པའི་རྒྱན་གཙོར་བཟུང་བྱས་པ་བཅས་སྤྱི་ཡོངས་ནས་བལྟས་ཚེ་གླུ་མགུར་མཆིད་གསུམ་དེ་རིགས་ཀྱིས་སྙན་ངག་མེ་ལོང་མའི་ལུགས་སུ་བྱས་པའི་བོད་ཀྱི་སྲོལ་རྒྱུན་རྩོམ་ཐབས་ལ་གཞོགས་འདེགས་ངེས་ཅན་ཞིག་བྱས་ཡོད་པ་མཚོན་ཐུབ།
གཞན་ཡང་འགྱུར་རྩོམ་གྱི་རིགས་དཔེར་ན། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་<<ཁྱད་པར་འཕགས་བསྟོད་>>དང་། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི<<ལྷ་ལས་ཕུལ་བྱུང་གི་བསྟོད་པ།>>སློབ་དཔོན་མ་ཁོལ་གྱིས་མཛད་པའི་<<བསྔགས་འོས་བསྡགས་བསྟོད།>>སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<<བསྟོད་པ་བརྒྱ་ལྔ་བཅུ་པ།>>སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་<<གཅིག་ལས་འཕྲོས་པའི་བསྟོད་པ།>>ནག་མོའི་ཁོལ་གྱིས་མཛད་པའི་<<སྤྲིན་གྱི་ཕོ་ཉ།>>སློབ་དཔོན་དཔའ་བོས་མཛད་པའི་<<སྐྱེས་རབས་སོ་བཞི་པ།>>རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་<<དཔག་བསམ་འཁྲི་ཤིང་།>>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་<<སྐྱེ་བོ་གསོ་ཐིགས་>>དང་། <<ཤེས་རབ་སྡོང་བུ་>>སོགས་ཀྱིས་ཀྱང་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་སེམས།
ཕྱིས་སློབ་དཔོན་དབྱུག་པ་ཅན་གྱིས་དྲང་སྲོང་རྒྱས་པའི་<<མ་བྷ་ར་ཏ>>དང་། མེ་བཞིན་འཇུག་གི་<<བུ་མོའི་ཆོས།>> གྲོགས་མཁར་གྱི་ <<ར་མ་ཡ་ན།>> མརྐཎཡའི་<<སྔོན་རབས་ཀྱི་ཆོས།>> ནག་མོ་ཁོལ་གྱི་<<གཞོན་ནུ་འབྱུང་བ།>> སོགས་རྒྱ་གར་ཤར་ལྷོའི་གྲགས་ཅན་གྱི་བསྟན་བཅོས་གང་མང་ཞིག་གི་སྙིང་བོ་བསྡུ་ལེན་གྱིས་སྦྱར་བའི་སྙན་ངག་མེ་ལོང་མ་ལས་རྒྱན་ཉུང་ཤས་ཤིག་བལ་བོའི་མཁས་པ་སངྒྷ་ཤྲི་དང་། རྗེ་ས་པཎ་གཉིས་ཀྱིས་བོད་སྐད་དུ་བསྒྱུར། དེ་རྗེས་ཤོང་སྟོན་གྱིས་ཆ་ཚང་བ་བསྒྱུར་བ་ཙམ་མ་ཟད། ཁོང་གིས་དངོས་སུ་དཔེ་བརྗོད་དང་སྦྲགས་ནས་འཆད་ཁྲིད་ཀྱི་ལམ་སྲོལ་བཏོད་པ་དང་། རྗེས་འཛིན་པ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ་དང་འཇམ་དབྱངས་ཁ་ཆེ་སོགས་ཀྱིས་ཀྱང་འཆད་ཁྲིད་རྒྱ་ཆེར་བྱས་པས། རིམ་པས་སྙན་གཞུང་དེ་བོད་ཀྱི་གནའ་རབས་རྩོམ་རིག་གམ་སྲོལ་རྒྱུན་རྩོམ་རིག་ཧྲིལ་པོའི་ཁ་ཕྱོགས་ལ་མཛུབ་ཁྲིད་ཀྱི་ནུས་པ་ལྡན་པའི་གཞུང་ལུགས་ཤིག་ཏུ་གྱུར།
དུས་དེ་ནས་ད་ལྟའི་བར་སྙན་ངག་མེ་ལོང་མར་རྩ་འགྲེལ་དང་དཔེར་བརྗོད་དོགས་གཅོད་ཀྱི་རིགས་སོགས་རྒྱས་བསྡུས་ལ་མ་ལྟོས་པར་བརྒྱ་དང་དྲུག་ཅུ་ལྷག་ཙམ་བྱུང་ཡོད་པར་མ་ཟད། གཞུང་དེ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོའི་ཁྲོད་དུ་བྲིན་ཁ་རྒྱུག་པོ་བྱུང་ཡོད་པ་རེད། དེར་བརྟེན་རྗེ་ས་པཎ་ནས་ད་ལྟའི་བར་མི་ལོ་བདུན་བརྒྱ་ལྷག་གི་རིང་གྲགས་ཅན་རྩོམ་པ་པོ་ཇི་སྙེད་ཅིག་བྱུང་ཡོད་ན་ཡང་། མཁས་པ་འགའ་ཤས་ཤིག་གིས་མེ་ལོང་མས་མ་བསྡུས་པའི་རྒྱན་གྱི་རིགས་དཔེར་ན་བཟློས་དཔེ་དང་། བཟློག་པའི་གཟུགས་ཅན། སྦས་པའི་གཟུགས་ཅན། ཚབ་བྱེད་ཀྱི་རྒྱན། འགལ་བའི་རྒྱན་ཟེར་བ་སོགས་ཉུང་ཤས་ཤིག་གསར་བཏོད་བྱས་པ་མ་གཏོགས། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་རིང་མོའི་ནང་རྩོམ་འབྲིའི་ཉམས་མྱོང་ཕྱོགས་སྡོམ་གྱི་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་གཏན་ནས་འཇོག་མྱོང་མེད། གཅིག་བྱས་ན་རང་རེའི་བོད་ཀྱི་རྩོམ་པ་པོ་ཚོའི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་མེ་ལོང་མ་ལས་བརྒལ་ཐུབ་མེད་པས་ཡིན་སྲིད་པ་ཞིག
གང་ལྟར་མེ་ལོང་མ་འདི་བོད་སྐད་ཐོག་ཐོན་པ་ནས་བཟུང་རང་རེའི་བོད་ནང་ཕུལ་དུ་བྱུང་བའི་རྩོམ་རྩལ་མངའ་བའི་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་བྱུང་ཡོད། དེ་དག་ལས་བརྩམ་ཆོས་འགའ་ཞིག་ངོ་སྤྲོད་ཐུང་ཙམ་ཞུ་ན། རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚེག་བར་དགུ་ཅན་དང་བདུན་ཅན་སོགས་ལས་གྲུབ་པའི་ཚིགས་སུ་བཅད་པའི་བསྟོད་པ་<<རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ་>>དང་། འགྲོ་མགོན་ཆོས་འཕགས་ཀྱིས་མཛད་པའི་ཚེག་བར་བདུན་དང་བཅུ་དགུ་ཉེར་བདུན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་སྤེལ་མ་བྱས་པ་<<བསྟོད་དབྱངས་རྒྱ་མཚོའི་སྙན་དངགས་རིན་པོའི་རྒྱན་རྣམ་པར་བཀྲ་བ་>>དང་། ཚེག་བར་དགུ་ཅན་གྱི་ཚིགས་བཅད་ཀ་རྩོམ་<<ཀ་སོགས་སུམ་ཅུ་ལ་སྤེལ་བ།>> ཀླུང་ཆེན་རབ་འབྱམས་པས་མཛད་པའི་ཚེག་བར་བཅོ་ལྔ་དང་དགུ་ཅན་བརྒྱད་ཅན་བདུན་ཅན་དྲུག་ཅན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་འདྲ་མིན་ཚིག་ལྷུག་དང་སྤེལ་མ་བྱས་པ་<<པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་>>སོགས་ཀྱིས་མཚོན་པའི་བོད་སྔ་རབས་པའི་མཁས་པ་ཚོས་མཛད་པའི་མེ་ལོང་མའི་ལུགས་སུ་བྱས་པའི་རབ་བཏགས་དང་སྒྲ་རྒྱན་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པའི་ཚིགས་སུ་བཅད་པའི་སྙན་རྩོམ་གྲངས་ལས་འདས།
དེ་རྗེས་རྗེ་ཙོང་ཁ་པས་བཤེས་གཉེན་སྦ་བས་བསྐུལ་ངོར་མཛད་པའི་ཚེག་བར་བདུན་མ་ཅན་<<བཤེས་གཉེན་སྦ་བ་ལ་གདམས་པ་བྱ་དཀའ་བའི་ཨའི་དབྱངས་ལ་ངེས་པ་>>དང་། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚེག་བར་དགུ་མ་ཅན་རྗེ་བཙུན་སྒྲོལ་མ་བཞུགས་གནས་སེང་ལྡེང་ནགས་ཀྱི་ཕོ་བྲང་ལ་བསྟོད་པ་<<སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ།>> དགེ་སློང་ཐོས་བསམ་རྒྱ་མཚོས་བསྐུལ་ངོར་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཚེག་བར་བདུན་མ་ཅན་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ལ་བསྟོད་པ་<<བསྟོད་པ་བྱིན་རླབས་ཀྱི་བང་མཛོད།>> ཀུན་གཟིགས་ལྔ་པ་ཆེན་པོས་རྒྱ་ཡག་རབ་འབྱམས་པ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐུལ་ངོར་མཛད་པའི་རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཚེག་བར་དགུ་མ་ཅན་<<བསྟོད་པ་ཏམྦུརའི་རྒྱུད་མངས།>> གུང་ཐང་བསྟན་པའི་སྒྲོན་མེས་ཨ་མཆོག་དགེ་བཤེས་མཁྱེན་རབ་དབང་ཕྱུག་གིས་བསྐུལ་ངོར་མཛད་པའི་འཇམ་མགོན་བླ་མའི་བསྟོད་པ་ཚེག་བར་དགུ་མ་ཅན་<<བསྟོད་པ་ཀ་ལ་པིངྒའི་གླུ་དབྱངས།>> ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་མཁས་གྲུབ་རིན་པོ་ཆེ་ལ་བསྟོད་པ་ཚེག་བར་བདུན་མ་ཅན་<<བསྟོད་པ་མཁས་པའི་མགྲིན་རྒྱན།>> སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ཚེག་བར་བདུན་དང་དགུ་བཅུ་གཅིག་ཉེར་གསུམ་ཅན་སོགས་ཚེག་བར་རིང་ཐུང་འདྲ་མིན་ལས་གྲུབ་པའི་ཚིགས་སུ་བཅད་པའི་ཞུ་འཕྲིན་<<ཕོ་ཉ་གཞོན་ནུ་དོན་གྲུབ།>> དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ཚེག་བར་བརྒྱད་མ་ཅན་<<འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ་>>སོགས་མཛེས་དཔྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་གྲགས་ཅན་གྱི་བརྩམས་ཆོས་མང་དུ་བྱུང་ཡོད། དེ་དག་གྲངས་འབོར་གྱི་ཆ་ནས་མང་བ་ཙམ་མ་ཡིན་པར་ཚེག་བར་རེ་རེ་དང་ཚིག་རྐང་རེ་རེའི་སྟེང་གོ་སྐོན་བློ་འགུག་གི་ནུས་པ་ཤུགས་ཆེ་ལྡན་པ་ཤ་སྟག་ཡིན་པས། དེ་རིགས་ལ་བརྟེན་ནས་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་ཇི་འདྲ་ཞིག་ལ་སླེབས་ཡོད་མེད་གསལ་བོར་རྟོགས་ཐུབ་པ་ཞིག་རེད། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཡོངས་རྫོགས་ཆོས་དང་འབྲེལ་བ་ཤ་སྟག་ཏུ་སོང་ཀློག་འདོན་ཐེངས་འགར་བྱས་པ་ཙམ་གྱིས་དོན་གྱི་རོ་བཅུད་ཡོངས་སུ་མྱོང་ཐུབ་པ་ཧ་ཅང་དཀའ་བ་སོགས་ཐུན་མིན་གྱི་ཁྱད་ཡོན་མང་དུ་སྣང་བ་བཅས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་མ་ལག་ཧྲིལ་པོའི་བྱུང་འཕེལ་གྱི་གཞི་རྩའི་ལོ་རྒྱུས་མཚོན་ཙམ་བཤད་ཟིན། །
གསུམ། ཉེ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཕྱི་ལོ་ ༡༩༨༠ ལོོར་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ་>>དང་། རིམ་པས་<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།>> <<སྤང་རྒྱན་མེ་ཏོག>> <<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག།>> <<སྦྲང་ཆར།>> <<ཟླ་ཟེར།>> <<གངས་དཀར་རི་བོ།>> <<མང་ཚོགས་སྒྱུ་རྩལ་>>ཟེར་བ་སོགས་འདས་པའི་ལོ་ངོ་སྟོང་ཕྲག་རིང་བྱུང་མྱོང་མེད་པའི་དེང་དུས་དང་མཐུན་པའི་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་མང་དུ་བྱུང་།
ཕྱི་ལོ་ ༡༩༨༣ ལོའི་<<སྦྲང་ཆར་>>དུས་དེབ་གཉིས་པའི་ཐོག་དོན་གྲུབ་རྒྱལ་གྱིས་བརྩམས་པའི་རྙིང་ཞེན་དང་བག་འཁུམ་གྱི་རྗེས་སུ་མི་འབྲང་བར་བསྐུལ་བའི་<<ལང་ཚོའི་རྦབ་ཆུ་>>ཟེར་བའི་གྲགས་ཅན་སྙན་རྩོམ་དེ་ཐོན། ལྗང་བུས། “ལང་ཚོའི་རྦབ་ཆུ་ནི་རང་ཅག་སྙན་ངག་གསར་པའི་བསྒྲགས་གཏམ་ཡི་གེ་དང་། ང་ཚོའི་སྙན་ངག་དུས་རབས་གསར་པ་ཞིག་ལ་སླེབས་པའི་མཚོན་རྟགས་ཡིན” ཞེས་བཤད་པ་དོན་ལ་གནས། གསར་རྩོམ་དེར་ཡིད་འཕྲོག་པའི་སྣོད་ཀྱི་བཀོད་པ་དང་མཛེས་ཉམས་སོགས་ངོ་སྤྲོད་བྱས་པ་བརྒྱུད་ནས་བྲག་ངོས་ན་གཟར་བའི་རྦབ་ཆུ་ཞིག་གིས་བོད་རིགས་གཞོན་སྐྱེས་ཚོའི་དཔའ་འཛངས་རྟུལ་ཕོད་མངོན་པར་བྱས་པ་མ་ཟད། གཞོན་སྐྱེས་ཚོར་བཅངས་པའི་བརྩེ་སེམས་དང་རེ་བ། གཞོན་སྐྱེས་ཚོའི་དེང་དུས་ཀྱི་ལས་འགན་སོགས་མཚོན་ཐབས་བྱས་ཡོད། ལྗང་བུས་མི་རིགས་ཤིག་གི་གཞི་རྩའི་དམིགས་འདུན་མཚོན་བྱེད་དུ་དགུན་དུས་ཤིག་གི་སྣོད་བཅུད་ཀྱི་གནས་བབ་ལ་སྦྱར་བའི་བསྡུས་བརྗོད་ཀྱི་རྩོམ་ཐབས་སྤྱད་པའི་སྙན་རྩོམ་<<དགུན་གྱི་བུ་མོས་དབྱིད་ཀྱི་ན་ཆུང་སྦྲུམ་>>ཞེས་པ་དེར་དཔེ་གསར་ཡ་མཚན་ཅན་མང་པོ་བསྒྲིགས་ནས་གསོན་ཉམས་ཐོན་ཐབས་བྱས་ཡོད་པས་དངོས་གནས་སྙན་རྩོམ་ཚད་ལྡན་ཞིག་ཏུ་བརྩི་ཆོག ད་དུང་ཆར་ཆུས་བརླན་པའི་ནགས་ཚལ་དབེན་ཞིང་ཉམས་དགའ་བའི་མཛེས་ལྗོངས་ཤིག་གི་འོག་ནས་ཆེས་ཐོག་མའི་བརྩེ་དུངས་རྣལ་མ་ཞིག་གི་བརྒྱུད་རིམ་གླེང་བའི་<<གཡའ་ཤིང་གི་ལོ་མ།>> འཇུ་སྐལ་བཟང་གིས་“ཕྱི་དངོས་པོའི་དཔལ་ཡོན་” དང། “ནང་བསམ་པའི་དཔལ་ཡོན་” གཉིས་དོ་མི་མཉམ་པའི་གནས་ཚུལ་དངོས་ཀ་ཁའི་བང་རིམ་ལྟར་གྱི་རྩོམ་ཐབས་སྤྱད་པའི་<<ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར་>>སོགས་དང་།
དེ་མིན་གཅན་མེ་སྟག་གིས་འདས་ཟིན་པའི་གཏམ་རྒྱུད་ཅིག་གི་བརྒྱུད་རིམ་གླེང་ནས་རང་ཉིད་ཀྱི་རེ་སྒུག་མངོན་ཐབས་བྱས་པའི་<<ཉི་ཟླ་རི་བོའི་སྙན་ཚིག་>>དང་། ཆབ་སྤེལ་གྱིས་ཟུང་ལྡན་གྱི་རྩོམ་ཐབས་སྤྱད་པའི་ཚིགས་བཅད་མི་ལོ་སུམ་ཅུའི་རིང་གི་བོད་ལྗོངས་གསར་པའི་སྣོད་བཅུད་གཉིས་ཀྱི་བཀོད་པར་བསྟོད་བསྔགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། ད་དུང་ནམ་ཡང་བློ་ཁ་ཚུམ་མི་སླ་བར་ཐུན་མོང་གི་ནུས་ཤུགས་གཅིག་སྒྲིལ་གྱིས་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན་པའི་<<ལྷ་ས་སྐྱིད་ཆུ།>> ནོར་ལྡེའི་<<དེ་རིང་གི་གསང་བའི་བཞིན་རས>> རེབ་གོང་རྡོ་རྗེ་མཁར་གྱི་<<གླག་རྒོད་>>སོགས་རྙིང་ཞེན་དང་རྨོངས་དད་བཅས་ཀྱི་རྗེས་སུ་མི་འབྲང་བར་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་གསར་པའི་རྗེས་སུ་གོམ་གང་མདུན་སྤོ་བྱེད་དགོས་པར་བསྐུལ་མ་ཤུགས་ཆེ་བྱས་པའི་སྙན་རྩོམ་གྱི་རིགས་དང་།
གཞན་ཡང་། ནོར་ལྡེའི་<<སེང་ཕྲུག་ཚོ་མཆོངས་ཤིག་>>ཅེས་པ་དང་། དོན་གྲུབ་དབང་འབུམ་གྱི་<<ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན།>> འཇུ་སྐལ་བཟང་གི་<<རྒོད་པོ་དང་ནམ་མཁའ་>>སོགས་ཉེ་རབས་བོད་ཀྱི་རྩོམ་རིག་གསར་པའི་ཚབ་མཚོན་རང་བཞིན་ཅན་གྱི་སྙན་རྩོམ་མང་དུ་བྱུང་།
ད་དུང་འཇུ་སྐལ་བཟང་གི་<<གངས་འདབས་ཀྱི་སེམས་པ་>>དང་། ལྗང་བུའི་<<ལྗང་བུའི་རྩོམ་བཏུས་སྙན་ངག་གི་དེབ་>>དང་། <<སྙན་རྩོམ་གཟི་མིག་དགུ་པ།>>ལྷ་རྒྱལ་ཚེ་རིང་གི་<<སྐྱ་རེངས་ལྷ་མོའི་འབོད་སྒྲ་>> ཨ་རྡོར་དང་སྐྱབས་ཆེན་བདེ་གྲོལ་ཟུང་གི་<<མི་ཁོམ་པའི་གནས་དང་དེའི་བདག་པོ།>> ཁྱུང་ཐར་རྒྱལ་གྱི་<<ཁ་བ་དཀར་པོ་དང་>>དང་། <<སེམས་ཀྱི་གྲོང་ཁྱེར།>> མདའ་བཙན་པོའི་<<མཆོད་མེ་>>དང་། <<མི་རྐྱང་གི་ཕྱི་ནང་།>> སྙན་བཟང་ཡུམ་སྐྱབས་རྒྱལ་གྱི་<<ཁ་བའི་རྨི་ལམ་>>དང་། <<རྒོད་པོའི་གཤོག་རླབས།>> རྨོག་རུ་ཤེས་རབ་རྡོ་རྗེའི་<<རྨ་གཞུང་ནས་འཕུར་བའི་ངང་ཕྲུག་>>དང་། <<ཁྱོད་རང་ཀློག་པར་སྤྲོ་བའི་སྙན་ངག་>>སོགས་ཚད་གཞི་ངེས་ཅན་ཞིག་ལོངས་མིན་ལ་མ་ལྟོས་པའི་སྙན་རྩོམ་གཅེས་བཏུས་ཀྱི་དེབ་གྲངས་འབོར་ཆེན་བྱུང་། མ་ཟད་<<བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་>>དེབ་གྲངས་བཅུ་དང་། <<བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་>>དེབ་དྲུག་བཅས་ཀྱང་ཐོན་ཡོད།
དེར་བརྟེན་ཉེ་རབས་བོད་ཀྱི་རྩོམ་རིག་ཟེར་དུས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཙམ་མ་ཟད། ཡོངས་ཁྱབ་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་ཞིག་ཀྱང་རེད། དེས་དུས་ཡུན་ཐུང་ངུའི་རིང་གལ་འགངས་ཆེ་བའི་བོད་ཀྱི་རྩོམ་རིག་གི་གོ་བབ་ངེས་ཅན་ཞིག་བཟུང་བ་དང་། མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེ་བྱུང་བ་མཚོན་ཐུབ་པ་ཞིག་རེད།
ཁག་ཅིག་གིས་བོད་ཀྱི་ཉེ་རབས་རྩོམ་རིག་སྐོར་གྱི་བརྩམས་ཆོས་དག་མི་རིགས་གཞན་གྱི་རྩོམ་རིག་དང་བསྡུར་ན་རྗེས་ལུས་ཡིན་ཚུལ་བཤད་མོད་ཀྱང་། ཕྱི་ལོ་ ༡༩༨༡ ལོར་པེ་ཅིན་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་གཟེངས་བསྟོད་ཅེས་པའི་ཚོགས་ཆེན་ཐོག་རང་རེའི་“བོད་རིགས་རྩོམ་པ་པོ་བཅུ་གཅིག” དང་ “རྩོམ་ཡིག་བཅུ་གཅིག་” ལ་བྱ་དགའ་ཐོབ་པ་དང་། ཕྱི་ལོ་ ༡༩༨༤ ལོར་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་འདེམས་ཁྲོད་བོད་རིགས་རྩོམ་པ་པོ་ “༦༢” ལ་གོང་བཞིན་བྱ་དགའ་ཐོབ། སྦྲང་ཆར་རྩོམ་སྒྲིག་ཁང་ནས་སྦྲང་ཆར་སྤེལ་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་འཁོར་བའི་བསྒྲགས་གཏམ་ནང་ ༢༠༠༡ བར་སྦྲང་ཆར་གྲངས “༨༢” སྤེལ་ཟིན་པ་དང་། དེ་དག་གི་ནང་རྩོམ་པ་པོ་གྲངས་ “༡༠༠༠” དང། བརྩམས་ཆོས་ “༤༠༠༠” ལྷག་ “༦༠” ཙམ་ལ་རྒྱ་ནག་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། “༧༠” ལྷག་རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་བསྒྱུར། “༡༠༠” ལྷག་སློབ་གྲྭ་ཆེ་འབྲིང་གི་སྐད་ཡིག་སློབ་དེབ་ཏུ་བདམས་འདུག་པ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བལྟས་ཚེ་རྗེས་ལུས་ཀྱི་རྣམ་པ་མངོན་མིན་རྟོགས་ཐུབ་པ་ཞིག་རེད།
དེ་ལྟའི་རྩོམ་རིག་གསར་པའི་ཆེས་ཐོག་མའི་དུས་མཚམས་དེ་གནའ་རབས་བོད་ཀྱི་རྩོམ་རིག་ལ་གསར་བཅོས་ཀྱི་རྣམ་པ་ཐོག་མར་ཐོན་པའི་དུས་སྐབས་ཤིག་ནས་འཇོག་དགོས་ཤིང་། དེ་ཡང་གནའ་རབས་རྩོམ་རིག་གིས་མཛུབ་ཁྲིད་ཀྱི་མ་ལག་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་ལས། ཕྱིརྐྱེན་གྱི་རྩོམ་ཐབས་གསར་པ་འབའ་ཞིག་གིས་སྐུལ་སྤེལ་བྱས་པ་ཞིག་གཏན་ནས་མིན། དེར་བརྟེན་གནའ་བོའི་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་ལ་བལྟོས་བཅས་ཀྱི་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་རེད། བལྟོས་བཅས་ཀྱི་འབྲེལ་བ་དེ་ཡང་གནའ་བོའི་རྩོམ་རིག་གི་རྨང་གཞིའི་ཐོག་ཉེ་རབས་རྩོམ་རིག་གི་རྣམ་པ་གསར་བསླངས་བྱས་པ་ཞིག་ལ་གོ་བ་ལེན་དགོས། རྣམ་པ་གསར་བསླངས་ཞེས་པ་ནི་དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་བསྒྲིལ་བྱས་ནས་གསར་བཏོད་བྱས་པ་ཞིག་ལ་ཟེར། དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་ནི་རྩོམ་རིག་ཡོངས་དང་ལྷག་དོན་རྩོམ་རིག་གསར་པའི་རྩ་འཛིན་གྱི་མ་ལག་གལ་ཆེན་ཞིག་ཡིན།
བོད་ཀྱི་ཉེ་རབས་རྩོམ་རིག་གམ་རྩོམ་རིག་གསར་པའི་རིགས་དེ་ཕྱི་ཕྱོགས་ཀྱི་རྩོམ་རིག་གསར་པར་ལད་ཟློས་བྱས་པའམ་དེ་ནང་འདྲེན་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་མོད། དེ་རིགས་བསམ་ཚུལ་ལྟར་སྣང་བ་ཤ་སྟག་ཡིན། རྒྱའི་རྩོམ་པ་པོ་ལྭིན་དབྱི་ཏོ་ཡིས་“གསར་བཏོད་ཅེས་པ་ནི་རང་ཉིད་ལ་སྔར་ཡོད་པའི་སྙན་ངག་ལ་ལྟོས་ན་གསར་པ་ཞིག་ཡིན་དགོས་པར་མ་ཟད། ནུབ་གླིང་བའི་སྙན་ངག་ལས་ཀྱང་གསར་པ་ཞིག་ཡིན་དགོས།” ཚུལ་བཤད་པ་གཞིར་བཟུང་ལས། ཕྱི་ཕྱོགས་ནས་རྩོམ་རིག་གསར་པ་ཞིག་ནང་འདྲེན་བྱས་པ་ཙམ་ག་ལ་ཡིན། དེ་ལྟར་གོང་དུ་རྩོམ་རིག་གསར་པའམ་ཉེ་རབས་རྩོམ་རིག་གི་བྱུང་འཕེལ་གྱི་ལོ་རྒྱུས་ཅུང་ཙམ་བཤད་ཁུལ་བྱས་པ་ནི་ཆེས་རགས་པའི་བཤད་ཚུལ་ཞིག་ཡིན།
བཞི། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་གྱི་དབྱེ་མཚམས།
གཞོན་སྐྱེས་འགས་བོད་དུ་ངག་ཐོག་རྩོམ་རིག་ཐོག་མར་དར་བ་ནས་བཟུང་སྟེ་གཉའ་ཁྲིའི་སྲིད་དབང་ལམ་ལུགས་ཡོངས་སུ་མཇུག་མ་སྒྲིལ་བར་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང་། གླང་དར་མ་ནས་ ༡༩༥༩ བར་དུ་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ ༡༩༥༩ ལོ་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད་པ་དང་། ཁ་ཅིག་གིས་ས་སྐྱ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང་། ས་སྐྱ་ནས་ ༡༩༥༡ བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ ༡༩༥༡ ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཟེར་བ་ཡང་ཡོད། ཡང་འགའ་ཤས་ཀྱིས་གླང་དར་མ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་དང་། གླང་དར་མ་ནས་ཕག་གྲུའི་མཇུག་བར་དར་བའི་རྩོམ་རིག་ལ་བར་དར་རྩོམ་རིག ཕག་གྲུའི་མཇུག་ནས་དགའ་ལྡན་ཕོ་བྲང་གི་དུས་ཡུན་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག དགའ་ལྡན་ཕོ་བྲང་གི་མཇུག་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད། ལ་ལས་ས་སྐྱ་པ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང་། ས་སྐྱ་ནས་རྒྱལ་དབང་ལྔ་པའི་བར་དར་བའི་རྩོམ་རིག་ལ་སྔ་དར་རྩོམ་རིག རྒྱལ་དབང་ལྔ་པ་ནས་དགེ་ཆོས་བར་དར་བའི་རྩོམ་རིག་ལ་ཕྱི་དར་རྩོམ་རིག དགེ་ཆོས་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཟེར། ཁག་ཅིག་གིས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དང་། བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག ས་ཕག་རིན་གཙང་དུས་སྐབས་ཀྱི་རྩོམ་རིག དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་རྩོམ་རིག་བཅས་དབྱེ། གོང་དུ་བཀོད་པའི་རྩོམ་རིག་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་བྱུང་བའི་དུས་མཚམས་མི་འདྲ་བ་དག་ནི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་གྲོས་སོ་སོའི་འགག་རྩ་འགའ་དང་སྦྱར་ནས་རྩོམ་རིག་གི་བརྒྱུད་རིམ་ལ་དུས་བཅད་བྱས་པ་ཞིག་མ་གཏོགས། རྩོམ་རིག་སོ་སོའི་རང་སྟེང་གི་འགྱུར་འགྲོས་ལ་དབྱེ་ཞིབ་ཀྱིས་དུས་མཚམས་བྱས་པ་ཞིག་མིན་པས་དེ་ཙམ་གལ་འགངས་མི་ཆེ།
འོ་ན་རྩོམ་རིག་རང་སྟེང་ནས་དུས་མཚམས་དབྱེ་སྟངས་ཇི་ལྟར་ཡིན་སྙམ་ན། དེ་ནི་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གཉིས་སུ་དབྱེ་དགོས་པ་དེ་ཡིན། གནའ་རབས་རྩོམ་རིག་ཟེར་དུས་བོད་ཀྱི་ངག་ཐོག་རྩོམ་རིག་གླུ་མགུར་མཆིད་གསུམ་སོགས་དར་བ་ནས་བཟུང་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་བར་དར་བའི་རྩོམ་རིག་ལ་ཟེར་ཞིང་། ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཏུ་འབོད། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ལ་ཡང་རྒྱུས་མངའ་རྩ་བ་ནས་མེད་པའི་གཞོན་སྐྱེས་འགས་ཉེ་རབས་རྩོམ་རིག་ཟེར་དུས་གནའ་བོའི་རྩོམ་རིག་དང་ཡོངས་སུ་འགལ་ཟླའི་རང་བཞིན་དུ་གནས་པ་ཞིག་ཏུ་འདོད་ཀྱང་། དེ་ལྟར་གཏན་ནས་མ་ཡིན་པ་མ་ཟད། ཉེ་རབས་རྩོམ་རིག་གི་ཐོག་མཐའ་བར་གསུམ་དུ་གནའ་བོའི་རྩོམ་རིག་གི་ཤུགས་རྐྱེན་གཏིང་ཟབ་ཡོད་པ་ཞིག་རེད། དེ་འདྲའི་ཤུགས་རྐྱེན་དེ་ནམ་ཡང་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན། དེ་ནི་རྩོམ་རིག་གསར་རྙིང་བར་བྱུང་བའི་དམིགས་བསལ་གྱི་གནས་ཚུལ་ཙམ་མ་ཡིན་པར་སྤྱིར་བཏང་གི་བྱ་དངོས་གསར་རྙིང་ཡོངས་རྫོགས་ལ་ཡོད་པའི་འབྲེལ་བའི་ཆོས་ཉིད་ཅིག་རེད།
གང་ལྟར་ལྡོག་མེད་ཀྱི་ཆོས་ཉིད་དེ་གཞི་རྩར་བླང་ཐོག་རྩོམ་རིག་གསར་རྙིང་བར་གྱི་འགལ་བའི་རང་བཞིན་གྱི་དོན་དངོས་ཁོང་དུ་ཆུད་པར་བྱེད་དགོས། བྱེད་ཐབས་འདི་རྩོམ་རིག་གསར་རྙིང་བར་གྱི་ས་མཚམས་དོན་དངོས་དང་མཐུན་པར་འཇོག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། དེ་ཡོང་བ་ལ་རྩོམ་རིག་གསར་རྙིང་སོ་སོའི་རྒྱུད་རིམ་ཧྲིལ་པོའི་གྲུབ་ཆའི་མ་ལག་ཡོངས་ལ་ཞིབ་ཚགས་པོས་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྩོམ་རིག་གསར་རྙིང་སོ་སོའི་གཞི་རྩའི་གྲུབ་ཆའི་རིགས་རང་ཤེད་དང་དཔག་ཚོད་ཙམ་གྱིས་བཤད་པ་མིན་པར། དོན་དངོས་དང་མཐུན་པའི་སྒོ་ནས་ཤེས་རྟོགས་འཐུས་ཚང་བྱེད་ཐུབ་པ་བྱུང་ན། དེ་ནས་བཟུང་སྐབས་གང་ཞིག་ནས་ཉེ་རབས་རྩོམ་རིག་གི་རྣམ་པ་བྱུང་ཡོད་མེད་ངོས་འཛིན་མ་ནོར་བ་བྱེད་ཐུབ་པ་ཞིག་རེད།།
ལྔ། མཇུག་མཐའི་གཏམ་གླེང་ཐུང་ངུ་།
གནའ་རབས་རྩོམ་རིག་གམ་རྩོམ་རིག་རྙིང་བའི་ཁ་ཕྱོགས་ལ་གསར་བརྗེའི་རྣམ་པ་བྱུང་བ་ནས་བཟུང་གཞོན་སྐྱེས་མང་ཆེ་བ་ཞིག་གིས་དུས་རབས་གསར་པའི་རྩོམ་རིག་ལ་དོན་སྣང་ཤུགས་ཆེ་བྱས་པས། མེ་ལོང་མའི་ལུགས་ལྟར་བརྩམས་པའི་སྲོལ་རྒྱུན་རྩོམ་རིག་གི་སྒྱུ་རྩལ་གྱི་བློས་བསླངས་ཐད་ཉམས་ཆག་ཤུགས་ཆེ་བྱུང་ཡོད། དེར་བརྟེན་དེང་གི་དུས་གནའ་བོའི་སྒྱུ་རྩལ་རྩོམ་རིག་གི་བསྟན་དོན་ཇི་བཞིན་མྱོང་ཐུབ་པའི་ཤེས་རྟོགས་དང་ལག་ལེན་གྱི་རྣམ་བཞག་གཉིས་ཆ་མེད་པ་ཆགས་བསྡད་ཡོད།
གང་ལྟར་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ཡིན་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་དུས་རབས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་གལ་ཆེན་གཉིས་ཡིན་པར་སོང་ངེས་པར་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མུ་མཐུད་ནས་བརྩོན་ལེན་བྱེད་དགོས་པ་ཞིག་རེད། ལྷག་དོན་ལོ་རྒྱུས་ཐོག་གི་གསར་དར་རྩོམ་རིག་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ན་ངེས་པར་དུ་རྩོམ་རིག་གསར་རྙིང་གཉིས་ཀ་ཤེས་རྟོགས་དང་ལག་ལེན་གྱི་རྣམ་གཞག་རྒྱུན་སྐྱོང་བྱེད་དགོས་པར་མ་ཟད། ཤེས་རྟོགས་དང་ལག་ལེན་ཟུང་འབྲེལ་གྱི་ལམ་ནས་རང་ཉིད་ལ་སྦྱོང་བརྡར་ངེས་ཅན་ཞིག་ཐེབས་པ་བྱེད་དགོས།
ཕྲན་གྱིས་གོང་བཀོད་ས་བཅད་ལྔའི་ནང་དུ་གནའ་རབས་རྩོམ་རིག་ལ་ཕྱིར་བལྟས་ཀྱིས་ཉེ་རབས་རྩོམ་རིག་གི་དབྱེ་མཚམས་དང་། དེ་བྱུང་འཕེལ་གྱི་གནས་བབ་ཉུང་བསྡུས་ཤིག་གླེང་ཁུལ་བྱས་མོད་ཀྱང་། གུས་པས་རྩོམ་རིག་གི་ཕྱོགས་ལ་དོ་སྣང་དང་ཉམས་ཞིབ་བྱས་པའི་དུས་ཡུན་ཧ་ཅང་ཐུང་བས། གང་ས་ཅི་ཐད་ནས་ཞིབ་ཚགས་མིན་པ་དང་བལྟ་སྟངས་ནོར་བ་སོགས་ཡོད་ངེས་པས། ཡིན་གཅིག་མིན་གཉིས་ཡན་པར་མི་གཏང་བར་མཛུབ་ཁྲིད་གནང་རོགས་ཞུ་རྒྱུ་ཡིན།།