001

༄༅།།ཕྱི་ལོ་༢༠༡༦ཟླ་༧ ཚེས་༢༥ ཞོགས་པ་ཆུ་ཚོད་བཞི་དང་ཕྱེད་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་མཇའ་མོ་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་ལ་དྭགས་གནམ་ཐང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་ལ་དྭགས་དང་མཇའ་མོ་དང་ཀ་ཤི་མར་གྱི་གནད་ཡོད་མི་སྣས་ཕེབས་བསུ་དང་། ཕེབས་ལམ་དུ་སེར་སྐྱ་མི་མང་གིས་མཇལ་དར་དཀར་གཙང་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་ཧ་ཅང་གཟབ་རྒྱས་དང་འབྲེལ་ཕོ་བྲང་ཞི་བའི་ཚལ་དུ་གདན་ཞུ་དང་། དེར་དགའ་ལྡན་ཁྲི་རིན་པོ་ཆེ་དང་འབྲུ་གུང་ཆེ་ཚང་རིན་པོ་ཆེ།འབྲུག་པ་ཐུགས་སྲས་རིན་པོ་ཆེ། ཁྲིག་རྩེ་རིན་པོ་ཆེ། གཞན་བླ་སྤྲུལ་དགེ་འདུན་ཁག་གཅིག་དང་ལ་དྭགས་ཀྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུའི་མཛད་སྒོ་ཞིག་བསྡུས་པ་དང་། ༸གོང་ས་མཆོག་གིས་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་གསུམ་གྱི་སྐོར་བཀའ་སློབ་དང་འབྲེལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དང་། དེ་བཞིན་བོད་དང་ཧི་མ་ལའི་རི་རྒྱུད་ཀྱི་ཁོར་ཡུག་སྐོར་ལ་མི་མང་གིས་དོ་སྣང་མཛད་དགོས་པའི་སྐོར་སོགས་བཀའ་སློབ་སྩལ།

ཚེས་༢༧ ཉིན་གྱི་ཆུ་ཚོད་བརྒྱད་ཙམ་ལ་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་ཐོན་གྱིས་ལ་དྭགས་གླེ་ཡི་དགོན་པ་སོ་མའམ་ཇོ་བོ་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། དགོན་པའི་ཉེ་ཁུལ་ནས་ཞབས་ཐང་དུ་ཕེབས་ཏེ་བོད་པ་དང་ལ་དྭགས་པ། རྒྱ་གར་བ་དང་ཕྱི་རྒྱལ་བ་སོགས་གྲངས་འབོར་ཧ་ཅང་མང་པོས་ཕེབས་བསུ་དང་འབྲེལ་གླེ་ཇོ་ཁང་དུ་གནས་གཟིགས་མཛད་རྗེས་བཞུགས་ཁྲིར་ཞབས་སོར་འཁོད་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ། “གང་གིས་ཐུགས་བརྩེས་ཉེར་བཟུང་ནས།།ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།།དམ་པའི་ཆོས་ནི་སྟོན་མཛད་པ།།གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།” ཞེས་པ་དང་རྒྱུན་ཆགས་གསུམ་པ། ཤེས་རབ་སྙིང་པོ། དེ་བཞིན་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་བཅས་གསུང་འདོན་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་ལ་ཆིབས་བསྒྱུར་ནམ་བསྐྱངས་ཡང་སྨྲ་བ་ཟླ་མེད་པའི་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཇོ་བོ་ལྷ་ཁང་དུ་ཞབས་སོར་འཁོད་ཀྱི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་གཞན་དུ་དོ་སྣང་བྱས་ཡོད་མེད་གང་ལྟར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ཐོག་མར་གསུང་མཁན་སྟོན་པ་བཅོམ་ལྡན་འདས་ཡིན་པའི་སྐོར་བཀའ་སྩལ།  དེ་རྗེས་དགོན་པའི་ལས་བསྡོམས་སྤྱན་འབུལ་ཞུས་པའི་ནང་བཀའ་བསྟན་ལྗགས་ཀློག་གནང་གི་ཡོད་པའི་སྐོར་འཁོད་ཡོད་པ་ལ་ཐུགས་རྗེ་ཆེ་ཞེས་བཀའ་གནང་བ་དང་།  དེ་ནས་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་གི་དགོན་པ་ཆུང་ཆུང་དང་ལྷ་ཁང་ཁག་ནི་ཕྱག་མཆོད་འབུལ་བྱེད་ས་ཙམ་མ་ཡིན་པར་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཆོས་དང་ལྷག་པར་དུ་ལྟ་གྲུབ་ཀྱི་རྣམ་གཞག སེམས་ཁམས་རིག་པའི་སྐོར་ལ་བགྲོ་གླེང་གནང་ཡུལ་ཞིག་ཏུ་བསྒྱུར་རྒྱུར་སྐུལ་མ་མཛད་ཀྱི་ཡོད་པ་དང་། ལ་དྭགས་གླེ་ཡི་དགོན་པ་སོ་མའམ་ཇོ་ཁང་ལྟ་བུའི་ལྷ་ཁང་དང་དགོན་པ་ཆུང་ཆུང་དག་དང་། ཧི་མ་ལ་ཡའི་རི་རྒྱུད་དུའང་དེ་བཞིན་བྱ་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོད་པ་རེད་ཅེས་བཀའ་སློབ་སྩལ་བ་དང་།

གཞན་ཡང་། དགོན་པ་དང་ལྷ་ཁང་གང་ཡིན་རུང་དེ་སྔའི་ལམ་ལུགས་ལྟར་འཇོག་རྒྱུ་མ་ཡིན་པར་བསམ་བློ་གསར་བ་ཞིག་བཏང་ནས་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་ལྟ་གྲུབ་ཀྱི་སྐོར་ལ་གོ་རྟོགས་འཕེལ་བའི་ཆེད་དུ་བགྲོ་གླེང་གནང་ན་ཧ་ཅང་ཡག་པོ་ཡོད་པ་དང་། 002དམིགས་བསལ་དུས་ཆེན་ཁག་གི་སྐབས་སུ་ནང་པ་ཙམ་མ་ཡིན་པར་ཁ་ཆེ་དང་ཡི་ཤུ ཧིན་རྡུ་སོགས་ཀྱི་ཆོས་ལུགས་པ་འདྲ་མིན་འཛོམས་ནས་བགྲོ་གླེང་གནང་ཐུབ་པ་ཡིན་ན་མཐོང་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་སྩལ། དེ་བཞིན་ལས་བསྡོམས་ནང་གི་དོན་ཚན་ཁ་ཤས་ལྗགས་ཀློག་རྗེས། ཆོས་ལུགས་ཁ་ལ་འཁྱེར་ནས་རྙོག་དྲ་ཡོང་བཞིན་པ་སེལ་ཐབས་བྱེད་དགོས་པ་དང་། དུས་འཁོར་ལས་འཛམ་གླིང་དུ་ཆོས་ལུགས་གང་ཡོད་པ་ཐམས་ཅད་ལ་བརྩི་བཀུར་བྱེད་དགོས་པ་གསུངས་ཡོད་པས་རྒྱལ་བ་རིན་པོ་ཆེ་དུས་འཁོར་དབང་གནང་མཁན་དང་དུས་འཁོར་འཆད་སྤེལ་གནང་མཁན་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཐམས་ཅན་ལ་བརྩི་བཀུར་བྱེད་བཞིན་ཡོད་པ་དང། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཆེད་དུ་ཁ་ཆེ་ཆོས་ཁང་སོ་སོར་ཕེབས་ཀྱི་ཡིན་ཅེས་སོགས་བཀའ་སློབ་སྩལ། དེ་རྗེས་རྟེན་འབྲེལ་བསྟོད་པ་དང་རིས་མེད་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་ཇོ་བོ་ལྷ་ཁང་གི་མཛད་འཕྲིན་ལེགས་པར་གྲུབ། 

གླེ་ཇོ་ཁང་ནས་ཞབས་ཐང་ལ་ཆིབས་བསྒྱུར་གྱིས་ཁ་ཆེའི་སའུ་ནི་ཆོས་བརྒྱུད་ཀྱི་མཆོད་ཁང་ SunniMosque དུ་ཕེབས་བསུ་གཟབ་རྒྱས་དང་འབྲེལ་ཞབས་སོར་འཁོད་པ་དང་།  དེ་རྗེས་ཁ་ཆེའི་དབུ་བླ་རྣམས་ཀྱིས་སྨོན་ལམ་གསུང་འདོན་མཛད་རྗེས་༸གོང་ས་མཆོག་གིས་གསུང་བཤད་གནང། དེ་ཡང་མགོན་པོ་གང་ཉིད་ཀྱི་འཁྲུངས་ཡུལ་སྐུ་འབུམ་ཉེ་ཁུལ་སྟག་འཚེར་དུ་ཁ་ཆེའི་ཆོས་ལུགས་པར་ཐུགས་རྒྱུས་ཡོད་པ་དང་། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ལྷ་སར་ཞབས་སོར་འཁོད་རྗེས་ཁ་ཆེ་ཐུགས་ངོ་མཁྱེན་པ་དང་། གྲོགས་པོ་མང་པོ་ཡོད། ཕྱི་ལོ་༡༩༥༩ གོང་གི་བོད་གཞུང་གི་མཛད་སྒོ་སོགས་ལ་ཁ་ཆེའི་མི་སྣ་གདན་འདྲེན་ཞུ་བའི་ལུགས་སྲོལ་ཡོད། ཅེས་དང་།

དེ་རིང་འདིར་ཁ་ཆེའི་མཆོད་ཁང་དུ་མཇལ་འཕྲད་ཆེད་ཕེབས་པའི་རྒྱུ་མཚན་གཙོ་བོ་ནི། དེང་གི་སྤྱི་ཚོགས་སུ་མི་གསོད་ཁྲག་སྦྱོར་གྱི་འཁྲུག་ཟིང་མང་པོ་འབྱུང་བཞིན་པ་དང་། དེ་སྔ་དམག་ཆེན་དང་པོ་དང་གཉིས་པའི་སྐབས་གསོད་རེས་མང་པོ་བྱུང་ཡོད་ཀྱང་། ཡོ་རུབ་དང་ཨ་རི་བཅས་སུ་གནས་ཚུལ་ཞི་འཇམ་དུ་གྱུར་ཏེ་ཡོ་རུབ་སྤྱི་མཐུན་བཙུགས་ནས་ཐུན་མོང་གི་ཁེ་ཕན་ལ་ལྟ་བ་སོགས་གནས་ཚུལ་འགྱུར་བ་ཕྱིན་ཡོད། ཡིན་ནའང་། ད་ལྟའི་ཆར་དཀྱིལ་ཤར་རྒྱལ་ཁབ་ཁག་ཏུ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་མི་གསོད་ཁྲག་སྦྱོར་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཆོས་ཞེས་པ་ནི་རྩ་བའི་མི་ལ་བྱམས་བརྩེའི་བསླབ་བྱའི་ཐོག་ནས་བདེ་སྐྱིད་སྤྲོད་པ་ཞིག་ཆགས་ཀྱི་ཡོད་ཀྱང་། དེ་མི་གསོད་ཁྲག་སྦྱོར་ཡོང་བར་བེད་སྤྱོད་ལོག་པར་གཏོང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དེར་བརྟེན་ནང་པའི་དགེ་སློང་ཞིག་ཡིན་པ་དང་། ལྷག་པར་དུ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་ལེན་རྒྱུ་གལ་ཆེན་པོར་བརྩི་དགོས་པའི་སྐོར་ལ་འབོད་སྐུལ་གནང་བར་ཕེབས་པ་ཡིན་ཚུལ་བཀའ་གནང་བ་དང་། 

003གཞན་ཡང་། དེང་གི་སྐབས་སུ་དྲག་སྤྱོད་ཀྱི་ལས་ཀ་ཞིག་བྱུང་བ་དང་འཕྲལ་དུ་ཁ་ཆེས་བྱས་པ་རེད་ཅེས་ཁ་ཆེའི་ཆོས་ལ་སྙོན་འཛུགས་བྱེད་པ་ནི་བློ་ཕམ་པོ་ཞིག་རེད། སྤྱོད་པ་ངན་པའི་མི་ནི་ནང་པ་དང་ཧིན་རྡི། ཡི་ཤི་སོགས་ཆོས་ལུགས་གཞན་དང་གཞན་གྱི་ནང་དུའང་ཡོད་པ་མཐོང་གསལ་རེད།   ང་ཚོ་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་གཅིག་བསྐྲུན་ཐབས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་སའུ་ནི་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཅིག་གིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལ་དྭགས་ཀྱི་གླེ་རུ་ཡོད་པའི་ཁ་ཆེའི་སའུ་ནི་ཆོས་བརྒྱུད་ཀྱི་མཆོད་ཁང་དེ་ནི་ཕྱི་ལོ་༡༩༦༦ ནང་གསར་འཛུགས་གནང་བ་ཞིག་དང་། ནང་པ་དང་ཁ་ཆེའི་མཉམ་རུབ་ཀྱིས་བཞེངས་པ་ཞིག་ཡིན་པའི་ངོ་སྤྲོད་གནང་བ་སོགས་སའུ་ནི་ཆོས་བརྒྱུད་ཀྱི་མཆོད་ཁང་དུ་མཛད་འཕྲིན་ལེགས་པར་གྲུབ། 

དེ་ནས་ཡང་ཆུ་ཚོད་བཅུ་ཙམ་ལ་སའུ་ནི་མཆོད་ཁང་ནས་མི་ཊར་༢༠༠ ཙམ་གྱི་སར་ཡོད་པའི་ཁ་ཆེའི་ཤའེ་ཡ་ཆོས་བརྒྱུད་ཀྱི་མཆོད་ཁང་ ShiaMosque དུ་ཆིབས་བསྒྱུར་བསྐྱངས་པ་དང་། དེར་ཚོགས་གཙོ་ཨན་ཇུ་མན་ལགས་ཀྱིས་ལ་དྭགས་སྐད་ཀྱི་ཐོག་ཕེབས་བསུ་དང་འབྲེལ་༸གོང་ས་མཆོག་མཆོད་ཁང་དེར་ཆིབས་བསྒྱུར་ཐེངས་གསུམ་པ་ཡིན་པ་དང་། ང་ཚོ་ཚང་མ་004སེམས་དགའ་སྤྲོ་དང་བཅས་ཕེབས་བསུ་ཞུ་བཞིན་ཡོད་པ་དང་། ༸གོང་ས་མཆོག་གིས་བཀའ་སློབ་ལག་ལེན་གྱི་ཐོག་ནས་ཡོང་ཐུབ་པ་བྱེད་རྒྱུ་དང་། ༸གོང་ས་མཆོག་གིས་གླེ་ཙམ་མ་ཡིན་པར་ལ་དྭགས་ཡོངས་ལ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བཀའ་དྲིན་སྩལ་ཡོད་ཅེས་སོགས་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་གིས་༸རྒྱལ་དབང་ལྔ་པའི་སྐབས་སུ་བོད་དུ་ལ་དྭགས་ཀྱི་ཁ་ཆེའི་ཚོང་པ་ཚོར་ལྷ་ཁང་བཞེངས་ཆེད་ས་ཆ་གསོལ་རས་སྩལ་ཡོད་སྐོར་དང་། དེ་ནས་བཟུང་རིམ་བཞིན་བོད་པ་ཁ་ཆེའི་ཚོགས་པ་བྱུང་ཞིང་། བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་ཚང་མའི་ནང་བོད་པ་ཁ་ཆེའི་སྐུ་ཚབ་མགྲོན་འབོད་ཀྱིས་མཉམ་ཞུགས་བྱེད་སྲོལ་ཡོད། ཁ་ཆེ་དེ་དག་ཞི་དུལ་བག་ཡོད་ཅན་ཤ་སྟག་རེད། ཕན་ཚུན་འཁྲུག་པ་བརྒྱབ་པའི་གནས་ཚུལ་རིགས་རྩ་བ་ནས་གོ་མྱོང་མེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་བ་དང་། ལ་དྭགས་ཐུར་ཏུག་ས་གནས་ཀྱི་ཡུལ་མི་གཅིག་གིས་༸གོང་ས་མཆོག་ཁོང་ཚོའི་ས་གནས་ལ་ཆིབས་བསྒྱུར་བསྐྱངས་ཐུབ་མིན་དང་ཁོང་ཚོའི་ས་གནས་མི་མང་གིས་རེ་བ་ཧ་ཅང་ཆེན་པོ་ཡོད་སྐོར་༸སྙན་གསན་ཞུས་པར་༸གོང་ས་མཆོག་གིས་ལོ་རྗེས་མར་ཕལ་ཆེར་ཕེབས་ཐུབ་རྒྱུ་ཡིན་པའི་སྐོར་བཀའ་ལན་སྩལ་བ་དང་། དེ་ནས་དྲི་བ་མཐའ་མར་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་རྣམས་ཀྱིས་མཐུན་ལམ་སྐོར་ལ་བཀའ་སློབ་ལམ་སྟོན་ཞུས་པ་དང་འབྲེལ། དེང་གི་སྐབས་སུ་མཐུན་ལམ་ཞིག་བཞིན་པ་ལྟ་བུའི་རྒྱུ་རྐྱེན་རྩ་བ་གང་ཡིན་སྐོར་ལམ་སྟོན་གནང་རོགས་ཞུས་པར་༧གོང་ས་མཆོག་གིས་མི་མང་གི་ཁྲོད་ནས་ནང་པ་དང་ཁ་ཆེ་ཕན་ཚུན་གོ་རྟོགས་སྤེལ་རེས་ཀྱི་ལས་འགུལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལ་དྭགས་ལ་དེ་སྔ་ནས་ཆོས་ལུགས་མཐུན་འབྲེལ་གྱི་རྩ་བ་ཡག་པོ་བཙུགས་བསྡད་ཡོད་པས་ཆོས་ལུགས་སོ་སོའི་དབུ་ཁྲིད་རྣམས་གླེ་ཇོ་ཁང་དང་ཁ་ཆེའི་མཆོད་ཁང་ལ་འཛོམས་ཏེ་ཕན་ཚུན་བློ་བསྐྱེད་སྤེལ་རེས་གནང་ཐུབ་ན་ཧ་ཅང་གལ་ཆེན་པོ་འདུག ཅེས་སོགས་བཀའ་སློབ་སྩལ་བ་བཅས།། ཡོང་ཁུངས། དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲ་བ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.