༄༅།།ལོ་གཅིག་གི་ནང་གི་བྱེད་སྒོ་གལ་ཆེན་ཞིག་ནི་ཞབས་བརྟན་ཆེན་མོ་ཡིན་ལ། འདི་ལོར་ཡང་རང་ཅག་ཁ་བ་རི་བ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་དབུས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་འགྲུབ་ཡོང་བ་དང་། སྒོས་སུ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་ན་མེད་པའི་དབུ་
ཁྲིད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེར་སྐུ་གེགས་ཀྱི་མཚན་མ་མེད་ཅིང་།གྲྭ་ཚང་གི་དགེ་འདུན་པ་ཀུན་གྱིས་བསླབ་པ་སློབ་གཉེར་དང་། ཁ་འདོན་དགེ་སྦྱོར་སོགས་རྣམ་དཀར་གྱི་བྱ་བ་གང་བྱས་གེགས་མེད་ལམ་ལྷོང་ཡོང་བ། དེ་བཞིན་གྲྭ་ཚང་འདི་ལ་འབྲེལ་ཐོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་རང་རང་གི་ཆོས་ལྡན་གྱི་བྱ་བ་ཐམས་ཅད་ཡིད་བཞིན་འགྲུབ་པ་སོགས་ལ་དམིགས་ནས་༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་དང་།༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་ཐུགས་དམ་བཀའ་ལུང་ཅི་ཕེབས་རྣམས་ཉིན་གྲངས་ཆ་བགོས་བྱས་ཏེ། སྒྲོལ་མ་འབུམ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས། ཛམ་དཀར་གཏེར་སྒྲུབ། རྣམ་རྒྱལ་སྟོང་མཆོད། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག བསྐངས་གསོལ་རྒྱས་པ་སོགས་ཉིན་གྲངས་བཅུ་གཉིས་རིང་སྨིན་བསྒྲུབས་གནང་།