8.13 4༄༅།། གུས་ཅག་གི་འདྲེན་པ་ཆེན་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༠ ལོའི་ལོ་འགོ་ཐའེ་ཝན་དུ་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་ནས་ཅང་མ་འགོར་བར་འཛམ་གླིང་ཧྲིལ་པོ་རྒྱ་ནག་ནས་བྱུང་བའི་ཏོག་གསར་རིམས་ནད་ཀྱི་དཀའ་ངལ་འོག་ལྷུང་སྟེ་ཁྱིམ་སྡོད་བཀའ་རྒྱ་རིམ་པར་བཏང་དགོས་བྱུང་བའི་གནས་སྟངས་འོག་ལོ་ཧྲིལ་པོ་ཐའེ་ཝན་དུ་བཞུགས་དགོས་བྱུང་ཞིང་། དེར་མཛད་འཕྲིན་ཁག་ཅིག་བསྐྱངས་འདུག་པ་ཕྱོགས་བསྡུས་ཀྱིས་དྲན་ཐོ་ཙམ་བཀོད་ན།

 

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་ལམ་སྟོན་བཀའ་སློབ་སྩལ།

               བཀའ་སློབ་ཀྱི་སྙིང་དོན། འཛམ་གླིང་ཞི་བདེ་ཡོང་བ་དང་ནད་ཡམས་ཞི་བའི་ཐུགས་སྨོན་གནང་དགོས་ཚུལ།འཛམ་གླིང་གི་ཆབ་སྲིད་དབུ་ཁྲིད་སྤྱི་དང་ལྷག་པར་རྒྱ་ནག་གི་དབུ་ཁྲིད་ཚོའི་རྒྱུད་ལ་བྱམས་བརྩེའི་བློ་སྐྱེས་ནས་བོད་མི་མང་ལ་བདེ་སྐྱིད་ཡོང་བའི་ཐུགས་སྨོན་གནང་དགོས་ཚུལ། རྒྱལ་བའི་བཀའ་དྲིན་ཐུགས་རྗེ་ཁོ་ནས་བོད་བརྒྱུད་ནང་བསྟན་འཛམ་གླིང་ཐོག་དར་བ་ཡིན་པས་རྒྱལ་བའི་བཀའ་དྲིན་དྲན་པའི་སྒོ་ནས་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཚུལ། (༸གོང་ས་མཆོག་གི་གསུང་ཞིག་ལུང་དྲངས་པའི་སྒོ་ནས།) ནང་པའི་ཚན་རིག་དང་ལྟ་གྲུབ་ནི་ནང་པ་ཡིན་མིན་ཀུན་ལ་ཕན་ཐོགས་ཡོད་པས་དེ་ལྟར་ཡོང་ཐབས་དང་། བོད་ཀྱི་ཆོས་བརྒྱུད་ཁག་ཕན་ཚུན་དག་སྣང་མཐུན་འབྲེལ་དགོས་ཚུལ། ཐའེ་ཝན་དུ་བཞུགས་པའི་བོད་ཀྱི་བླ་གྲྭ་རྣམས་ཀྱིས་བསྡུ་བའི་དངོས་པོ་བཞི་དང་ལྷག་པར་དོན་མཐུན་པ་གནང་གལ་ཆེ་བ་དང་། རྒྱུན་དུ་ཀུན་སྤྱོད་སོགས་ཀྱི་ཐོག་གཟབ་གལ་ཆེ་ཚུལ། མ་འོངས་པར་ཚོགས་པ་འདིས་གོ་སྒྲིག་གནང་སྟེ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་ཚོགས་འདུ་རེ་གནང་ཐུབ་ན་ལེགས་ཚུལ་དང་། རྒྱལ་ཁབ་སོ་སོའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་འདི་འདྲ་རེ་འཛུགས་ཐུབ་ན་ལེགས་ཚུལ་སོགས་བཀའ་སློབ་སྩལ།

8.13 1 8.13 9 8.13 2

 

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༦ ཉིན་ཐའེ་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་བོད་ལྗོངས་མང་གཙོའི་དུས་དྲན་ཐེངས་ ༦༠ པའི་སྐུ་མགྲོན་གཙོ་བོའི་གྲས་སུ་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་གསུང་བཤད་སྩལ།

                        གསུང་བཤད་ཀྱི་སྙིང་དོན། འདི་ལོ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་པ་ལྟར་བཀའ་དྲིན་དྲན་དགོས་ཚུལ། ༸གོང་ས་མཆོག་ནས་མང་གཙོ་གསོལ་རས་གནང་བ་ལྟར་བོད་མི་མང་གིས་ལག་ལེན་ཐོག་འཁེལ་ཐུབ་པ་ཞིག་དགོས་ཚུལ།འདས་པའི་འོས་བསྡུའི་ཞན་ཆ་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་འོས་བསྡུའི་ཆ་ཤས་ཡག་པོ་ལེན་དགོས་ཚུལ།ཐའེ་སྡོད་བོད་རིགས་ཚོགས་པ་སྔར་བཞིན་བོད་གཞུང་གི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་པ་དགོས་ཚུལ་སོགས་གསུངས།

 

 9.6 8  9.6 9  9.6 13

 

 

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༨ ཉིན་ཐའེ་ཝན་གྱི་ཞན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་རིག་སྡེ་ཚན་གྱི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་གསར་ཚུགས་ཀྱི་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་བསྒྱུར་དང་། ལྟེ་གནས་དེའི་སློབ་སྟོན་པའི་མཚན་གནས་འབུལ་བཞེས་མཛད།

10.18 5 10.18 13 10.18 12

 

 

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཐའེ་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པ། ༢༠༢༠ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་གསུང་བཤད་སྩལ།

                  གསུང་བཤད་ཀྱི་སྙིང་དོན། རྒྱ་ནག་ནས་བྱུང་བའི་ཏོག་ནད་ཀྱིས་འཛམ་གླིང་ཡོངས་ལ་དཀའ་ངལ་བཟོས་པ་དང་ལྷན་དུ། རྒྱ་ནག་གི་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་གནས་ཚུལ་ཡང་འཛམ་གླིང་མི་མང་གིས་ཤེས་ཐུབ་པ་བྱུང་ཡོད་པ་ལྟར། དུས་སྐབས་འདིར་ང་ཚོ་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་དང་བདེན་པའི་གནས་ཚུལ་རྣམས་འཛམ་གླིང་དང་རྒྱ་ནག་མི་མང་ལ་བཤད་པའི་གོ་སྐབས་ཤར་ཡོད་ཚུལ།རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་ཆོས་ལུགས་སོགས་རྒྱ་ནག་ཅན་དུ་བསྒྱུར་ཏེ་གྲངས་ཉུང་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ཚུལ། གསར་དུ་བྱུང་བའི་རྒྱ་ནག་གི་འབྱོར་ལྡན་གྲལ་རིམ་དང་སྲིད་དབང་སྒེར་གཅོད་གྲལ་རིམ་མཉམ་འབྲེལ་གྱིས་གྲངས་ཉུང་མི་རིགས་དང་ཆོས་ལུགས། ལྷག་པར་ཞིན་ཅང་དང་། བོད། ཧོང་ཀོང་། ཐའེ་ཝན་བཅས་ལ་བཙན་གནོན་དང་འཇིགས་སྐུལ་སོགས་བྱེད་བཞིན་ཡོད་ཚུལ། རྒྱ་ནག་དང་ང་ཚོ་ཕན་ཚུན་དགྲ་མིན་པར་གཉེན་ཡིན་པས་རྒྱ་ནག་གཞུང་གིས་ཁྲིམས་མཐུན་བྱེད་དགོས་པ་དང་། ང་ཚོ་མཉམ་རུབ་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་དེ་ལ་འགྱུར་བ་གཏོང་ཐུབ་པ་བྱེད་དགོས་ཚུལ་སོགས་གསུངས།

10.24 8 10.24 2 10.24 5

 

 

 ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༧ ལྷ་བབས་དུས་ཆེན་ཉིན། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པ་ལྟར། ཀ་ཁ་ག་ང་ཞེས་པའི་ཚོགས་ཁང་དུ་ཐའེ་ཝན་བོད་རིགས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ།

                   བཀའ་སློབ་ཀྱི་སྙིང་དོན། ས་གནས་བོད་མི་གསར་རྙིང་རྣམས་མཉམ་རུབ་གནང་གལ་ཆེ་བ་དང་། ཐའེ་ཝན་དུ་བོད་པའི་བླ་མ་དགེ་བཤེས་མང་པོ་ཡོད་པ་རྣམས་མཉམ་རུབ་གནང་གལ་ཆེ་ཚུལ། ད་ལོ་ ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་པ་ལྟར་རང་རང་སོ་སོའི་ངོས་ནས་གང་ཐུབ་བྱེད་དགོས་པ་དང་། ཕྲུ་གུ་ཆུང་བ་ཚོར་རང་གི་སྐད་ཡིག་སོགས་སློབ་སྦྱོང་སྤྲོད་གལ་ཆེ་ཚུལ།བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པ་སོགས་ཀྱི་བཀའ་སློབ་སྩལ།

 

11.7 6 11.7 5 11.7 8

 

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༦ ཉིན་ཐའེ་ཝན་གྱི་དགའ་ལྡན་ཤར་རྩེའི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ ༣༡ འཁོར་བའི་དུས་དྲན་དང་འབྲེལ་བའི་རོལ་དབྱངས་དགོང་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་གྲས་སུ་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་གསུང་བཤད་སྩལ།

                         གསུང་བཤད་ཀྱི་སྙིང་དོན། རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་དང་འབྲེལ། རྒྱལ་བའི་རྗེས་འཇུག་སློབ་མ་དག་གིས་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་མཛད་འཕྲིན་དང་དགོངས་བཞེད་དེ་དག་ལག་ལེན་དུ་བསྟར་བའི་སྒོ་ནས། དེ་དག་གི་རྗེས་སུ་འཇུག་ཐུབ་པ་ཞིག་དང་དེ་དག་འཛམ་གླིང་ལ་ཁྱབ་ཐུབ་པ་ཞིག་བྱེད་དགོས་ཚུལ། ༸གོང་ས་མཆོག་ནས་བཀའ་སློབ་ཕེབས་པ་ལྟར་རྡུལ་མཚོན་དང་དམག་མི་མེད་པའི་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་ཐུབ་པར་འབད་དགོས་ཚུལ།སེམས་ཀྱི་ཞི་བདེ་མེད་ན་འཛམ་གླིང་ཞི་བདེ་ཡོང་ཐབས་མེད་པས་སེམས་ཀྱི་ཞི་བདེ་ཡོང་ཐབས་ལ་ཀུན་གྱིས་འབད་བརྩོན་གནང་དགོས་ཚུལ་སོགས་གསུངས།

IMG 5473 IMG 5474

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.