8.8 8༄༅།། ལོ་རེའི་ཕྱི་ཟླ་༨ཚེས་༨ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ཉིན་དེར་དམིགས་བསལ་གྱི་མཛད་སྒོ་གང་ཡང་མེད་ནའང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་པ་སོ་སོའི་གཞུང་དང་། གྲྭ་ཚང་། འཛིན་གྲྭ། སློབ་གྲྭགྲོང་སྡེ།ཤོག་ཀསྐྱིད་སྡུག་ཚོགས་པ་ཆེ་ཆུང་སྣ་ཚོགས། གྲོགས་པོའི་ཚོགས་པ།གླུ་གར་ཚོགས་པ། མི་ཚང་དང་། མི་སྒེར་པ་སོགས་སྤྱི་སྒེར་སེར་སྐྱ་ཕོ་མོ་རྒན་གཞོན་ཧ་ཅང་མང་པོས།མ་སྐུལ་དང་བླངས། མ་གྲོས་བསམ་པ་གཅིག་མཐུན་གྱིས་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་ཁ་ཡོད་ལག་ཡོད་ཀྱི་རྣམ་དཀར་དགེ་བའི་ལས་གང་ཐུབ་རེ་སྤེལ་རྒྱུ་ལོ་ཤས་གོང་ནས་སྲོལ་ལྟར་གྱུར་ཡོད་ཀྱང་།

ལོ་སྔོན་མ་ནས་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་དཀའ་ངལ་རིམ་འཕྲད་བྱུང་བས་ད་ལོ་ཡང་སྔར་རྒྱུན་བཞིན་ལས་དོན་མང་པོ་ཞིག་བསྒྲུབས་ཐུབ་མེད་ནའང་། ད་ལོ་ནི་༸གུས་ཅག་གི་འདྲེན་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༨༠ ཕེབས་པ་ཡིན་སྟབས་ཕྱི་ཟླ་ ༨ ཚེས་ ༢ ནས་ཉིན་བདུན་རིང་དམིགས་བསལ་ཞབས་རིམ་དུ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་མང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཉིན་བཞི་ལ་ལྗགས་ཀློག་དང་སྒྲོལ་ཆོག་བརྒྱ་ཚར། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་ཉིན་གཅིག དེ་བཞིན་ཟུར་དུ་མཁན་རིན་པོ་ཆེ་དང་ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་སྐུ་རྣམ་གཉིས་དབུ་བཞུགས་ཐོག་དགེ་འདུན་པ་བཅུ་གསུམ་ནས་སྒྲོལ་དཀར་ཚེ་སྒྲུབ་ཉིན་བདུན། ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་པ་བཅུ་ཡིས་ཉིན་གཉིས་ལ་རྗེའི་སྟོང་མཆོད་དང་རྣམ་རྒྱལ་སྟོང་མཆོད་བཅས་ཞབས་བརྟན་ཁག་གནད་སྨིན་བསྒྲུབས་གནང་མཛད་ཅིང་། དེ་རིང་ཉིན་མཐའ་མ། ཕྱི་ཚེས་༨ ཉིན་མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་ཚེས་དངོས་གཞིའི་སྐབས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་བརྟན་བཞུགས་ཕུལ་བ་དང་། སྒོང་བག་འགྲེམས་པ་སོགས་ཀྱིས་སྐུའི་འཁྲུངས་ཚེས་ལ་སྲུང་བརྩི་ཞུས།

གཞན་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་བླ་སྤྲུལ་ལྷན་ཚོགས་བཅས་ཐུན་མོང་གིས་རྡ་སའི་ཉེ་འཁོར་གྱི་བྱམས་པ་གླིང་རྒན་གསོ་ཁང་གི་ཁོངས་གཏོགས་ཀྱི་ཚོགས་མི་ཡོངས་ལ་བཅུད་ལྡན་ཟས་རིགས་དང་། ལག་དངུལ། དུས་གསུམ་གྱི་བཞེས་ལག་དམིགས་བསལ་བཅས་རྒྱུན་ལྡན་ལྟར་ཕུལ་བ་དང་། དེ་བཞིན་བདེ་ལེགས་སྨན་ཁང་གི་ནད་གསོ་ཁང་དུ་ཡོད་པའི་ནད་པ་རྣམས་ལ་ཡང་གོང་ལྟར་སྐམ་ཟས་རིགས་དང་ལག་དངུལ། དེ་བཞིན་སྨན་པ་དང་ལས་བྱེད། ནད་པ་བཅས་ལ་ཉིན་གུང་གི་བཞེས་ལག་དམིགས་བསལ་བཅས་འབུལ་ལམ་ཞུས།

དེ་མིན་རྡོར་གླིང་སུ་ཁེ་ཀིརྟི་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་རྣམས་ཀྱིས་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་དང་། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་བཅས་པར་བསངས་གསོལ་བཏང་བ། རི་ལ་རླུང་རྟ་འཐེན་པ་དང་། ཤིང་ནགས་འདེབས་འཛུགས་བྱས་པ་སོགས་ཀྱིས་སྐུའི་འཁྲུངས་ཚེས་སྲུང་བརྩི་ཞུས། 

 

8.8 1 8.8 2 8.8 3
8.8 4 8.8 5 8.8 6
8.8 7 8.812 8.8 9
8.813 8.814

8.811

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.