01ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་བཞུགས་སྒར་ནས་ཕེབས་འཁོར་ནང་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་༸ཞབས་སོར་བདེ་བར་འཁོད།

ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ཆོས་སྲུང་རྣམས་ལ་བསང་གསོལ་བསྡུས་པ་མཛད།

ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་ནས་བཟུང་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ཁ་སྐོང་སློབ་དེབ་ཁག་བཞི་རྩོམ་སྒྲིག་སོགས་ཕྱག་ལས་དུ་མའི་དབུ་བཙུགས།

ཕྱི་ཟླ་ ༡༢ ཚེས་ ༢༩ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་སྔ་དྲོ་དགའ་ལྡན་ཁྲི་ཐོག་ཁང་ནས་གོ་སྒྲིག་ཞུས་པ་ལྟར་དྲ་ལམ་བརྙན་འཕྲིན་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་གསན་བཞེས་དང་། ཕྱི་དྲོ་རྗེ་ཉིད་དབུར་བཞུགས་སྟོན་འཁོར་ལྷན་རྒྱས་ནས་བླ་མ་མཆོད་པ་དང་རྗེའི་གསང་རྣམ་སོགས་ཞལ་འདོན་དུ་མ་དང་། དགོང་མོ་དམིགས་བརྩེ་མ་རྒྱང་འཐེན་དང་འབྲེལ་མར་མེ་དང་གློག་མཆོད་གང་མང་ཕུལ་ཏེ་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཐེངས་དང་པོ་འཚོགས་པ་གནང་།

སྔ་ལོར་རྗེ་ཉིད་བོད་ལུགས་དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་སྐབས་སྐུའི་ཞབས་བརྟན་ཆེད་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཐུགས་དམ་བཀའ་ལུང་ཞུས་པའི་བཀའ་ལན་ཕྱིར་ཕེབས་སུ།རིན་པོ་ཆེ་ཉིད་ནས་འཇིགས་བྱེད་ལྗགས་བསྙེན་དང་སྒྲོལ་དཀར་ཚེ་སྒྲུབ་མཛོད།ཅེས་བཀའ་ཕེབས་ཡོད་ནའང་སྐབས་དེར་ཐའེ་ཝན་དུ་བཞུགས་བཞིན་པ་ལྟར་ཏོག་དབྱིབས་ནད་ཡམས་དབང་གིས་མུ་མཐུད་ཐའེ་ཝན་དུ་རྒྱུན་རིང་བཞུགས་དགོས་བྱུང་སྟེ་བཀའ་ལུང་ཞབས་རིམ་དེ་བཞིན་སྒྲུབ་འགྱངས་སོང་བ་ད་ལམ་ཆེད་གཉེར་གྱིས་སྒྲུབ་གནང་མཛད་དེ། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༦ བོད་ཟླ་ ༡༢ ཚེས་ ༡༥ ནས་བཟུང་ཉིན་བཅུའི་རིང་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལས་རུང་ལྗགས་བསྙེན་ཁ་སྐོང་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་དང་བཅས་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ༡༠ བོད་ཟླ་ ༡ ཚེས་ ༨ ནས་ཉིན་བདུན་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་གནད་སྨིན་མཛད། འཇིགས་བྱེད་ཀྱི་ལྗགས་བསྙེན་སྐབས་ཨ་ལགས་མཁན་པོ་ཕུན་ཚོགས་ནས་གསུང་ཞབས་དང་། སྒྲོན་དཀར་ཚེ་སྒྲུབ་སྐབས་ཨ་ལགས་མཁན་པོ་ཕུན་ཚོགས་དང་ཨ་ལགས་མཁན་རྒན་གཉིས་ནས་གསུང་ཞབས་ཞུས།

ཞབས་རིམ་འདི་དག་སྐུའི་ཞབས་བརྟན་གྱི་མཚན་ཐོག་ནས་ནང་དོན་བོད་སྤྱི་པའི་བདེ་རྩ་དང་།བོད་ནང་གི་འབྲེལ་ཡོད་དགོན་སྡེ་དང་ལྷ་སྡེ། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་འཛུགས་སྐྲུན་སོགས་གཞིས་བྱེས་སྤྱི་སྒོས་ཀྱི་ལས་དོན་དུ་མའི་ཆེད་དུ་དམིགས་གནང་ཞིང་། ལྷག་པར་སྒྲོལ་དཀར་ཚེ་སྒྲུབ་འདི་བཞིན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་སྐུའི་ཞབས་བརྟན་དུ་གཙོ་བོར་དམིགས་ནས།བོད་ཟླ་ ༡ ཚེས་ ༡༣ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ། ཚེ་རྫས་རྣམས་དགའ་ལྡན་ཕོ་བྲང་བརྒྱུད་ནས་འབུལ་བར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་པོ་དང་བླ་སྤྲུལ་སོགས་ལས་སྣེ་དུ་མ་ཆེད་རྫོང་གིས་འབུལ་གནང་མཛད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡ བོད་ཟླ་ ༡༢ ཚེས་ ༢༩ ཉིན་དགུ་གཏོར་གྱི་ངོ་བོར་དྲུག་ཅུ་མ་བཞི་རྫོགས་དང་ཆ་གསུམ་བཞི་རྫོགས་གསུངས།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣ བོད་ས་སྟག་གནམ་ལོ་གསར་ཚེས་ཉིན་གྱི་ཞོགས་པར་སྐུ་འཁོར་རྣམས་དང་ལྷན་དུ་ཞལ་འདོན་གནད་བསྡུས་དང་། དཔལ་ལྡན་ལྷ་མོའི་ཚེས་གཏོར་བསྡུས་པ་བཅས་གསུངས།ནད་ཡམས་སྔོན་འགོག་ཆེད་སྒོ་རྒྱ་བསྡམས་ཏེ་བཞུགས་མུས་ཡིན་ནའང་སྐབས་འདིར་རྒྱ་གར་ནང་ནད་ཡམས་ཞི་འཇམ་གང་ལེགས་སོང་ཡོད་པ་དང་། བོད་ལུགས་གནམ་ལོ་གསར་ཚེས་ཀྱི་མཛད་སྒོ་བཅས་དང་སྟབས་བསྟུན་སྒོ་རྒྱ་བཀྲོལ་ནས་དམིགས་བསལ་གུ་ཡངས་གནང་སྟེ། ལོ་གསར་གྱི་འཚམས་ཞུས་འབུལ་མཁན་དང་མཇལ་ཁ་ཞུ་མཁན་གྱི་འབྲེལ་ཡོད་སེར་སྐྱ་དུ་མར་མཇལ་ཁ་གནང་བ་དང་འབྲེལ། ཉིན་གུང་གསོལ་ཚིགས་ལྷན་བཞེས་ཀྱིས་ལོ་གསར་གྱི་དགྱེས་སྟོན་མཛད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༤ བོད་ཟླ་ ༡ ཚེས་ ༢ ཉིན་རྒྱལ་པོ་གོང་འགབ་ཀྱིས་གཙོས་ཆོས་སྲུང་ཁག་ལ་བསང་གསོལ་རྒྱས་པ་མཛད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༧ ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་ལྷན་རྒྱས་དང་། དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་པོ་སོགས་ལས་སྣེ་ཁག་ཅིག བླ་སྤྲུལ་ལྷན་རྒྱས་ཀྱི་འཐུས་ཚབ་བཅས་སྐུ་མདུན་དུ་བཀའ་འགུགས་ཀྱིས་འབྲེལ་ཡོད་ལས་དོན་བྱེད་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༨ ཉིན་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་གི་ཉེ་འཁྲིས་སུ་ཡོད་པའི་གྲྭ་ཚང་གི་ས་ཆ་གསར་པའི་ཐོག་ཆིབས་བསྒྱུར་གྱིས་གཟིགས་ཞིབ་དང་བྱིན་འབེབས་མཛད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༠ ཉིན་མཆོད་རྟེན་རིན་པོ་ཆེའི་ནང་དུ་མཆོད་མཇལ་ལ་ཕེབས་སྐབས་མ་ཧཱ་བོ་དྷི་ཆོས་ཚོགས་ཀྱི་དྲུང་ཆེ་སྣང་མཛད་རྡོ་རྗེ་ལགས་སོགས་ཀྱིས་མཆོད་རྟེན་སྒོ་ཆེན་མདུན་ནས་ཕེབས་བསུའི་མཇལ་དར་འབུལ་བཞེས་དང་འབྲེལ་མཆོད་རྟེན་ནང་དུ་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གྱིས། རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་ལ་གསེར་ཆབ་དང་ན་བཟའ་བསྒྲོན། ལྷུང་བཟེད་གྲངས་བཅུ་གསུམ་ཕུལ།ཐུབ་དབང་གི་སྐུ་དྲུང་དུ་རྒྱུན་ཆགས་གསུམ་པ་དང་རྟེན་འབྲེལ་བསྟོད་པ།བདེན་ཚིག་སྨོན་ལམ་སོགས་གསུངས།བྱང་ཆུབ་ཤིང་དྲུང་དུ་མཆོད་པའི་སྤྲིན་ཕུང་དུ་མ་འབུལ་གཤོམ་དང་འབྲེལ་སྐབས་གསུམ་པ་དང་། ཤེས་རབ་སྙིང་པོ།སྨོན་ལམ་སྡེ་ལྔ་སོགས་གསུངས་ཏེ་གཞིས་བྱེས་སྤྱི་སྒེར་ཡོངས་ཀྱི་ཆེད་ཐུགས་སྨོན་རྒྱ་ཆེར་མཛད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་རྡོ་རྗེ་གདན་ནས་ཕེབས་འཁོར་བརྒྱུད་ཕྱི་ཚེས་ ༢༦ དགོང་དྲོ་བཞུགས་སྒར་དུ་༸ཞབས་སོར་བདེ་འཁོད་གནང་བ་བཅས་མདོ་ཙམ་ལགས།

 

15 03 04
05 06 07
08 09 10
11 12

13

14 16 02

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.