2022.6.14 19༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་མདོ་སྨད་གཞིས་བྱེས་གཉིས་ཀའི་ངོ་ཚབ་མཚོན་པའི་ཐོག་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པའི་གྱ་སྟོན་བརྟན་བཞུགས་དང་། བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་བཅས་སྟབས་གཅིག་ཏུ་གནང་།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༤ ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ།བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སྐུ་འཁྲུངས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ།མྱ་ངན་ལས་འདས་པ་བཅས་དུས་ཆེན་སུམ་འཛོམས་དང་། ལྷག་པར་དུ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་གྲུབ་མ་ཐག་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུ་ཁང་དུ་སྐུ་མགྲོན་རྣམས་དང་སེར་སྐྱ་མི་མང་ཡོངས་འཛོམས་པའི་ཐོག་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེ་མཆོག་དང་། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་རྣམས་ཀྱིས་སྤོས་སྣེ་དང་སྤྱ་རྒྱ་བཅས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས། ཁོང་རིན་པོ་ཆེ་འདུ་ཁང་ནང་དུ་ཕེབས་མ་ཐག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཇོ་ནང་བསྟན་པའི་གཙུག་རྒྱན་ཇོ་ནང་རྒྱལ་ཚབ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཕེབས་པའི་དཔལ་ལྡན་མི་རྗེ་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གཉིས་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྐུ་བརྙན་རེ་རེ་ཕྱག་རྟགས་སུ་གནང་བ་དང་། བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་གནང་དོན། ལས་རིམ་དུ་མེད་པའི་སྐད་ཆ་ཚིག་ཁ་ཤས་ཤིག་ཞུས་ན་བསམ་བྱུང་། དེ་རིང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་གསུམ་གྱི་དུས་ཆེན་ཁྱད་པར་ཅན་ཡིན་པ་དང་།དེའི་སྒང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་མ་ཐག་ཡིན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་བླངས་མ་ཐག་ཡིན་པའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་པ་རེད་ལ། འདིར་ང་ཁྲིའི་སྒང་ལ་བསྡད་ཡོད་ཀྱང་ང་ཚོ་ཚང་མས་དམིགས་པ་གཏད་ས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པའི་ཐུགས་སྨོན་སྐྱབས་མཇུག་གནང་རོགས་གྱིས། ང་ཚོ་ཚང་མས་བརྟན་བཞུགས་འབུལ་ས་དེ་༸གོང་ས་མཆོག་ཡིན། དེ་རིང་རྟེན་འབྲེལ་ཁྱད་པར་ཅན་མང་པོ་འཛོམས་པའི་ཉིན་མོ་ཞིག་ཡིན་སྟབས་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་གྱིས།ཞེས་གསུངས།

 

2022.6.14 31 2022.6.14 34
2022.6.14 6 2022.6.14 9
2022.6.14 14 2022.6.14 8

 

ཁམས་བཟང་འགྲོ་བའི་བླ་མ་མཉམ་མེད་ཙོང་ཁ་པ་ཆེན་པོའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་བདག་གིར་བཞེས་པའི་ཁྲི་ཆེན་ང་བཞི་པ་རྒྱལ་མཚན་སེངྒེའི་སྐུ་ཕྲེང་དྲུག་པ་༸སྐྱབས་རྗེ་གཙོས་གསེར་ཁྲི་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན་སེང་གེ་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ། ཆོག་གྲྭ་བ་རྣམས་དང་ལྷན་༸གོང་ས་ལྔ་པ་ཆེན་པོས་མཛད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་གྱི་ཆོ་གའི་སྒོ་ནས་ཉིན་དྲུག་རིང་ཚེ་སྒྲུབ་སྔོན་སོང་གིས།བྱང་འདྲེན་གྱིས་རྒྱུན་ཆགས་གསུམ་པ་ནས་དབུ་སྐུལ་ཏེ་ཆོ་གའི་ཚིག་རིས་བཞིན་འུར་འདོན་གནང་བ་དང་། རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་གཙོས་གསེར་རིན་པོ་མཆོག་གིས་མཎྜལ་བཤད་པ་ཧ་ཅང་ཞིབ་རྒྱས་ཤིག་གསུངས་པར་མ་ཟད། རྫས་བརྒྱད་སོགས་ཕུལ་ནས་གནང་སྒོ་ཁག་ལེགས་པར་གྲུབ་པ་དང་།

གཏང་རག་མཎྜལ་གྲུབ་མཚམས་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས། དེ་ཡང་ཐོག་མར་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་སྐུ་ངོ་སྤྱི་འཐུས་དགེ་བཤེས་གངས་རི་ལགས་ཀྱིས་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན།༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚེས་ཁྱད་པར་ཅན་འདིར། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་མདོ་སྨད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གྱི་རིམ་པ་ལེགས་པར་གྲུབ་པའི་སྐལ་བཟང་མཚམས་སུ་སྦྱར་ཏེ། བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་བསྟོད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཀྱང་གོ་སྒྲིག་ཞུ་གི་ཡོད་ཅིང་། དེ་ཡང་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཏེ། རྒྱལ་བསྟན་རིན་པོ་ཆེ་དང་། ཆབ་སྲིད། རིག་གཞུང་། ཤེས་ཡོན། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཁྱབ་ཁོངས་སོ་སོར་རླབས་ཆེན་གྱི་མཛད་རྗེས་བཞག་དང་འཇོག་བཞིན་པ་ཀུན་གྱི་མཐོང་ཆོས་སུ་གྱུར་པ་དེ་ལྟར་ལགས་ཤིང་། སྒོས་སུ་བཙན་བྱོལ་གྱི་ལོ་ཟླའི་ནང་།མདོ་སྨད་དབུས་རྒྱུན་ལས་ཁང་འདི་ཐོག་མར་གསར་འཛུགས་གནང་བ་ནས་ད་ལྟའི་བར་དུ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་སྨད་དབུས་རྒྱུན་གྱི་སྤྱི་བྱེའི་ལས་དོན་ཆེ་ཕྲའི་ཐོག་དམིགས་བསལ་མཐུན་འགྱུར་གཟིགས་སྐྱོང་དང་།ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལམ་སྟོན་རིམ་ཅན་དུ་བསྩལ་ཏེ་བསྐྱངས་ཤིང་གཅེས་གནང་ཡོད་པ་མ་ཟད།མདོ་སྨད་དབུས་རྒྱུན་ལ་དངུལ་དངོས་ཀྱི་ཐོག་ནས་སམ། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ནས་དཀའ་ངལ་ནམ་འཕྲད་ལ་རྒྱུན་ལས་པ་རྣམས་མཇལ་བཅར་རམ། ལས་སྣེ་དང་མདུན་འདུག་པ་བརྒྱུད་སྙན་སེང་སྐྱབས་འཇུག་ཞུ་སྐབས་རྟག་ཏུ་ཐུགས་སུན་དང་ཐུགས་ངལ་གྱི་རྣམ་པ་ཕྲ་མོ་ཙམ་ཡང་མེད་པར། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དང་། གང་ཉིད་ཀྱིས་སྐྱོང་བཞིན་པའི་བྱེས་པ་གྲྭ་ཚང་དང་དགེ་རྩ་ཚོགས་པའི་ལས་སྣེ་འདུས་མང་ཡོངས་ནས་རོགས་ཕན་རམ་འདེགས་དང་། མགོན་སྐྱབས་སྐུལ་ཁྲིད་བླ་མེད་རིམ་ཅན་དུ་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་ནི་གསབ་ཐབས་མེད་པ་ཡིན་ངེས་ཀྱང་། རིན་པོ་ཆེ་དང་པོ་ལས་གྲུབ་པའི་གཟེངས་བསྟོད་ཀྱི་རྟགས་མ་འདི་དྲིན་ཚོར་བའི་སྒོ་ནས་ལྷག་བསམ་རྣམ་དག་གིས་ཕུལ་བ་ལགས་ན། མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དཔེ་བཞིན་དགྱེས་བཞེས་ངོས། སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། འགྲོ་ཕན་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་མུ་མཐུད་གེགས་མེད་སྐྱོང་གནང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ་ཞེས་གསུངས།

2022.6.14 13 2022.6.14 27
2022.6.14 21 2022.6.14 23
2022.6.14 37 2022.6.14 40

དེ་རྗེས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་དཔལ་ལྡན་མི་རྗེ་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་གྲུབ་པ་དང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་དོན། ཐོག་དང་པོར་མདོ་སྨད་མི་མང་གིས་ང་ལ་ཆེ་མཐོང་ཤིན་ཏུ་ཆེན་པོ་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མདོ་སྨད་ཀྱི་ནང་དུ་ལོ་ངོ་དྲུག་བརྒྱ་དང་བཅུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཀིརྟི་ཚང་གི་བླ་མ་རྒན་པ་ལོ་ལོན་ཞིག་ལ་མདོ་སྨད་མི་མང་གིས་ཆེ་མཐོང་གནང་བ་ཞིག་རེད། རྣམ་པ་ཚོའི་ངོས་ནས་ང་ལ་བརྟན་བཞུགས་གནང་བ་དེས་ང་ད་དུང་ཡིན་ནའང་ཚེ་རིང་པོར་སྡོད་དགོས་པ་དང་སྡོད་ཐུབ་པའི་སྨོན་ལམ་རྒྱབ་ཀྱི་ཡོད་ལ། ཚེའི་ལྷག་མ་ཅི་ཙམ་ཡོད་པ་དེའི་རིང་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སྤྱི་ལ་ཕན་པའི་ལས་དོན་གང་ཐུབ་ཀྱིས་སྒྲུབ་ཐུབ་པའི་རེ་བ་དང་སེམས་ཤུགས་བརྟན་པོ་ཡོད། ཅེས་དང་། རྣམ་པ་ཚོས་ང་ལ་མཐོང་ཆེན་པོའི་སྒོ་ནས་གཟེངས་རྟགས་གནང་བ་དེ་ནི། ངའི་ངོས་ནས་འཇོན་བཞག་པ་དང་ངས་དམིགས་བསལ་བྱས་རྗེས་བཞག་ཡོད་པ་དེ་འདྲ་གང་ཡང་མ་རེད། ངའི་མི་ཚེ་འདི་བཟང་མཐའ་འཁྱོལ་ཐུབ་པ་ཞིག་བྱུང་ཡོད། ངའི་མི་ཚེ་བཟང་མཐའ་འཁྱོལ་ཐུབ་པ་བྱུང་བ་དེ་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ང་ལོ་བཅོ་ལྔ་ཡིན་པའི་སྐབས་༸རྒྱལ་བ་རིན་པོ་ཆེས། དེང་སང་དུས་ཚོད་ཡག་པོ་མི་འདུག་པས་གནའ་སྔ་མོའི་འགྲོ་སྟངས་ལྟར་གྲ་རྒྱས་པོ་བྱེད་མ་དགོས་པར་སྟབས་བདེ་པོའི་ངང་ནས་གང་མགྱོགས་མགྱོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཤོག ཅེས་བཀའ་ཡིག་ཐེངས་གཉིས་གནང་བ་རེད། དེ་ལྟ་བུའི་བཀའ་ཡིག་ལམ་སྟོན་སྔ་ཕྱི་གཉིས་ཕེབས་པ་ལ་བརྟེན་ནས་ང་མདོ་སྨད་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་ཐུབ་པ་ཞིག་བྱུང་བ་རེད། གལ་སྲིད་སྐབས་དེར་ང་མདོ་སྨད་ནས་ལྷ་སར་ཡོང་ཐུབ་མེད་ན་དེང་སངས་མདོ་སྨད་ཀྱི་ལུང་ཁུག་ཅིག་ཏུ་ལྷག་པའི་བླ་རྒན་ཞིག་མ་གཏོགས་རྣམ་པ་ཚོས་རྗེས་དྲན་ཞུ་ཡུལ་དང་གཟེངས་རྟགས་སྤྲོད་སའི་མི་སྣ་ཞིག་ཏུ་གྱུར་ཐུབ་མེད་པ་གསལ་པོ་རེད། ཅེས་སོགས་གསུངས་པ་དང་། མཇུག་དུ་བརྟན་བཞུགས་དང་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་། དབུས་རྒྱུན་སྨན་པ་པ་སངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་། དེ་ནས་མཇུག་ཏུ་འདུས་མང་ཡོངས་ཀྱིས་བསྟན་འབར་མ་དང་མཆོག་གསུམ་ཤིས་བརྗོད་སོགས་གསུངས་ནས་མཇུག་ཏུ་དགེ་བའི་རིམ་པ་ལེགས་པར་གྲུབ་མཚམས་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེ་མཆོག་དང་། དབུས་རྒྱུན་རྣམས་ཀྱིས་སྤོས་སྣེ་དང་བཅས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཟིམ་ཆུང་དུ་གདན་ཞུ་དང་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན། བཀའ་ཟུར་རྣམ་པ་སོགས་ཀྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་།

 

ཉིན་དེའི་འདྲ་པར་རྒྱས་པ་འདིར་ཡོད་པས་དགྱེས་གཟིགས་ཡོང་བར་ཞུ།

 

 2022.6.14 41  2022.6.14 1

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.