2023.2.19 10

༄༅།། རབ་གནས་ཆུ་སྟག་ལོའི་ཟླ་བ་ ༡༢ ཚེས་ ༢༨ དང་ ༢༩ སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༨ དང་ ༡༩ ཉིན་གཉིས་ཀྱི་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་དུ་བཞུགས་པའི་དགེ་འདུན་པ་རྣམས་ཚོགས་ཕེབས་གནང་ནས་ལོ་རྙིང་གི་བྱེད་སྒོའི་ཐ་མ་ལྟ་བུའི་དགུ་གཏོར་ཏེ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་གུར་ཞལ་གཉིས། དེ་བཞིན་ཆོས་རྒྱལ་དང་། དཔལ་ལྡན་ལྷ་མོ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ལྷ་ཆེན་སྐུ་ལྔ། སྒོས་ཀྱི་བཀའ་སྲུང་དཔའ་བོ་རྩལ་སོགས་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་བསྐང་གསོ་རྒྱས་པ་སྤྱི་བསྟབ་དང་བཅས་པའི་སྒོ་ནས་སྤྱིར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཕྱིར་དང་།


ཡང་སྒོས་ཁ་པ་གངས་རིའི་ལྗོངས་ཀྱི་ལྷ་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། གངས་རིའི་ལྗོངས་ཀྱི་སྣོད་བཅུད་གཉིས་ལ་མི་འདོད་པའི་རྐྱེན་ངན་རིགས་མི་འབྱུང་ཞིང་། རང་དབང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ། དེ་བཞིན་སྡེ་འདི་དང་དམིགས་བསལ་མཆོད་ཡོན་གྱི་འབྲེལ་བ་ཡོད་པའི་སྤྱི་སྒེར་ཚང་མའི་སྐུ་ལུས་བདེ་ཞིང་། སྐུ་བསོད་རླུང་རྟ་རྒྱས་པ། བསམ་པའི་དོན་བཞིན་འགྲུབ་པ་ལ་ཕྱི་ནང་གི་བགེགས་གང་ཡོད་རིགས་ཐམས་ཅད་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་ནས་འགལ་རྐྱེན་བར་ཆད་ཀྱི་མིང་ཙམ་མི་འབྱུང་བ་བཅས་ལ་དམིགས་ནས་ཚོགས་པ་དང་། མཇུག་ཏུ་གཏོར་རྒྱག་ཀྱང་གནང་།

 

2023.2.19 1 2023.2.19 5  2023.2.19 9 
2023.2.19 7 2023.2.19 6 2023.2.19 2
     

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.