2023.9.2 book 02

༄༅།། བདག་ཅག་གི་འདྲེན་པ་ཆེན་པོ་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྲིད་དོན་མཛད་རྣམ་གསར་པ་<<ཤར་སྟག་མོའི་བུ།>>ཞེས་པ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མི་རྗེ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་ཞལ་དབྱེ་དབུ་འབྱེད་གནང་ཡོད་ལ།མཛད་རྣམ་འདི་ནི་འདི་ག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུའི་དྲུང་ཡིག་འབྲིང་བ་དཀོན་མཆོག་འཇིགས་མེད་མཆོག་གིས་རྩོམ་སྒྲིག་མཛད་ཅིང་། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་པར་བསྐྲུན་གནང་བའི་སྲིད་དོན་གྱི་མཛད་པ་གཙོ་བོར་བརྗོད་པའི་སྟོད་ཆ་བར་ཆ་སྨད་ཆ་སྟེ་དེབ་གསུམ་གྱི་བདག་ཉིད་ཅན་གྱི་མཛད་རྣམ་ཞིག་ཡིན།

 

པར་སྐྲུན་གསལ་བཤད།

2023.9.2 book 03 ༄༅།། འཇམ་མགོན་༸རྒྱལ་བ་གཉིས་པའི་ཉེ་སྲས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ། ཕྱི་ལོ་ ༡༩༤༢ ལོར་མདོ་སྨད་ཤར་སྟག་མོའི་སྒང་དུ་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད་ནས་ཕྱི་ལོ་ ༢༠༢༢ ཟླ་ ཚེས་ ཉིན་ཕྱི་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུ་ཐམ་པ་ཧྲིལ་པོར་ཕེབས་པའི་སྐབས། བོད་གཞིས་བྱེས་གཉིས་ཀྱི་སློབ་བརྒྱུད་ཐུན་མོང་ནས་༸ཁོང་རྡོ་རྗེ་འཆང་གིས། ཀིརྟི་ཚང་གི་སློབ་བརྒྱུད་ཀྱིས་གཙོས་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པའི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག བདག་སོགས་གདུལ་བྱ་རྒྱ་མཚོའི་མགོན་སྐྱབས་དང་དཔུང་གཉེན་དམ་པར་སྐུ་ཚེ་༸ཞབས་པད་མི་ཤིགས་རྡོ་རྗེའི་རང་ཁམས་སུ་བརྟན་པའི་ཆེད་དུ་དམིགས་ཏེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་དང་ཆབས་ཅིག

༸ཁོང་རྡོ་རྗེ་འཆང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་འཕྲིན་སྤྱི་དང་བྱེ་བྲག་ཏུ་ཆོས་དང་། ཤེས་ཡོན། ཆབ་སྲིད་ཀྱི་སྐོར་སོ་སོར་ཕྱེས་པའི་མཛད་རྣམ་ཕྱོགས་བསྒྲིགས་མཛད་དགོས་ཞེས་འདི་ནས་ཁུངས་སོ་སོར་སྐུལ་མ་ཞུས་དོན་བཞིན། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ། ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས་ནས་རྩོམ་སྒྲིག་གནང་བ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་སྲིད་དོན་མཛད་རྣམ་<<ཤར་སྟག་མོའི་བུ་>>ཞེས་བྱ་བ་དེབ་ཕྲེང་གསུམ་གྱི་བདག་ཉིད་ཅན་འདིའི་ནང་དུ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་སྐུ་ན་ཕྲ་དུས་ནས་བཟུང་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བར་སྐུ་ཚེ་ཧྲིལ་པོའི་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་རང་དབང་སླར་གསོའི་ཆེད་མཛད་འཕྲིན་ཇི་ལྟར་བསྐྱངས་པའི་དངོས་བྱུང་ལོ་རྒྱུས་དང་འབྲེལ་ནས། རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་འཛུལ་དང་བཙན་གནོན་འོག་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་མི་རིགས་སྣོད་བཅུད་དང་བཅས་པར་བསམ་ཡུལ་ལས་འདས་པའི་གོད་ཆག་གི་དཀའ་སྡུག་ཇི་ལྟར་བྱུང་བ་དང་། དེ་ལ་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་བའི་སྐོར་གྱི་དངོས་བྱུང་ལོ་རྒྱུས་མང་པོ་ཞིག་འཁོད་ཡོད་པར་བརྟེན།

བོད་དང་བོད་མིའི་སྲིད་དོན་ལོ་རྒྱུས་སྤྱི་དང་ལྷག་པར་ཀིརྟི་ཚང་གི་ཆབ་སྲིད་ལོ་རྒྱུས་དང་འབྲེལ་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ལ་དམིགས་བསལ་གྱིས་མཁྱེན་འདོད་ཡོད་མཁན་སྤྱི་དང་། ལྷག་པར་ཞིབ་འཇུག་པ་ཕྱི་ནང་གི་མི་རིགས་དཔྱོད་ལྡན་གཟུར་གནས་རྣམས་ལ་སྐབས་འབྲེལ་ལོ་རྒྱུས་ཀྱི་ཀློག་དེབ་དང་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་འགྱུར་བའི་རེ་བས་པར་བསྐྲུན་འགྲེམས་སྤེལ་ཞུས་པ་ལགས་ན་དེ་དེ་བཞིན་དུ་འགྱུར་བའི་སྨོན་འདུན་དང་།

༸ཁོང་རྡོ་རྗེ་འཆང་གི་རྣམ་ཐར་འདིའི་པར་སྐྲུན་གྱི་མཐུན་རྐྱེན་དུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་ཟུར་ཐུན་མོང་ནས་ཧིན་སྒོར་ཆིག་འབུམ་ཐམ་པ་གནང་སོན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཀིརྟི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༢༣ ཟླ་ ཚེས་ ལ།

 

 

  མཛད་རྣམ་འདིའི་མཚན་བྱང་གི་འགྲེལ་བཤད།

 

 གནས་ཆུང་ཆོས་རྒྱལ་ཆེན་པོས། བྱང་རྟ་མཆོག་གིས་སྟོང་གསུམ་བསྐོར་བའི་དུས། །ལྷོ་གཡུ་འབྲུག་གི་ཁ་ནས་གཏམ་སྙན་ཐོས། །ཤར་སྟག་མོའི་བུ་ལ་ཅོད་པཎ་འདོགས། །གཡང་ལུག་ཆུང་དགྱེས་པར་གདན་ན་འོ། །ཞེས་ལུང་བསྟན་གནང་བ་ལྟར། ༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཆུ་ཕོ་རྟའི་ (ཕྱི་ལོ་༡༩༤༢) ལོར་མདོ་སྨད་སྟག་ཚང་ལྷ་མོའི་ཤར་ཕྱོགས་ཐེ་བོ་སྟག་མོའི་སྒང་དུ་སྐུ་འཁྲུངས་པས།༸ཁོང་གི་མཚན་ལ་ཤར་སྟག་མོའི་བུ་ཞེས་ཚིག་རྒྱན་བསྡུས་བརྗོད་ལྟ་བུས་མཚན་བསྟོད་ཞུ་སྲོལ་ཡོད་པས་འདིར་ཡང་མཚན་དེ་དང་འབྲེལ་ནས་བཏགས་པ་ལགས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.