༄༅།།དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གིས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་གཉེར་པ་རྣམས་ལ་ཉིན་གཉིས་རིང་གཞུང་ཆེན་བཀའ་པོད་ལྔའི་བརྗོད་དོན་ལས་བརྩམས་པའི་དྲི་བ་དག་ལ། རྒྱལ་བའི་བཀའ་དང་དེའི་དགོངས་པ་བཀྲལ་པའི་བསྟན་བཅོས་རྒྱ་གར་འཕགས་པའི་ཡུལ་གྱི་བཎ་གྲུབ་དག་དང་བོད་གངས་

ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྣམས་ཀྱིས་ལྗགས་རྩོམ་མཛད་པའི་གསུང་རབ་རྣམས་ཁུངས་སུ་བྱས་ཏེ་ཡང་དག་པའི་རིགས་པ་དང་། སྐུ་ཚེའི་རིང་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་ལ་གཞོལ་ཏེ་ས་དང་ལམ་གྱི་རྟོགས་པ་བརྙེས་པའི་བླ་མ་དགེ་པའི་བཤེས་གཉེན་མང་པོའི་བྱིན་རླབས་ཀྱི་དྲོད་ཁོལ་མ་ཡལ་བའི་ཞལ་གདམས་མང་པོས་བརྒྱན་པའི་བཀའ་ལན་ཟབ་ཅིང་རྒྱས་པ་བསྩལ་གནང་མཛད།དེ་ཡང་དངོས་གཞིའི་དྲི་བ་དྲིས་ལན་དབུ་འཛུགས་མ་བྱས་གོང་དགེ་མཆོག་གིས་དངོས་ཕེབས་འབྲེལ་ཡོད་དགེ་སློབ་ཡོངས་ལ་འཚམ་འདྲི་དང་འབྲེལ་གསུང་དོན། འདིར་ཡོད་པའི་སློབ་གཉེར་པ་ཕལ་ཆེ་བ་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་སྤྱིར་བཏང་ཙམ་མིན་པར། ཕན་ཚུན་དབར་དད་དམ་བརྩེ་བ་ཧ་ཅང་ཡག་པོ་ཡོད་པས་ངའང་འདིར་དགའ་བཞིན་སྤྲོ་བཞིན་ཡོང་བ་ཡིན།དེ་རིང་འདིར་

IMG 8040 Desktop Resolutionཁྱེད་ཅག་བྱེས་པ་གྲྭ་ཚང་ཙམ་མིན་པར་བོད་ནང་དུ་བཞུགས་པའི་ཀིརྟི་དགོན་སྡེ་ཁག་གི་སློབ་གཉེར་པ་སྤྱི་སྒེར་གཉིས་ཐོག་ནས་ཕྲན་གྱི་རྩོམ་དེབ་སྔ་ཕྱི་དག་དང་དཔེ་ཁྲིད་སྒྲ་འཇུག་བྱས་ཡོད་པ་ཚོ་དོ་སྣང་ཆེན་པོས་པར་བསྐྲུན་འགྲེམས་སྤེལ་གྱིས་མཚོན་པའི་རྒྱབ་སྐྱོར་གང་ལེགས་གནང་དང་གནང་མུས་ཡིན་པར་མ་ཟད། མ་འོངས་པར་ཡང་དེ་བཞིན་གནང་རྩིས་ཡོད་པ་ཡིག་ངག་གཉིས་ཐོག་ནས་ཡང་ཡང་གསུང་བཞིན་འདུག་པས་གོ་སྐབས་འདི་བརྒྱུད་ཚང་མ་ལ་བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་སེམས་གཏིང་ནས་བཅོས་མིན་གྱིས་ཞུ་འདོད་IMG 8053 Desktop Resolutionབྱུང་ཞེས་སོགས་གསུང་བཤད་མདོར་བསྡུས་ཤིག་གནང་།    དེ་ནས་གཞུང་ཆེན་ཁག་གི་དྲི་བ་དྲིས་ལན་གནང་གྲུབ་མཚམས་གསུང་དོན། ཟིང་ཆ་ཧ་ཅང་ཆེ་བའི་རྡ་སའི་ཁོར་ཡུག་འདི་ལྟ་བུ་ཞིག་ཏུ་ཁྱེད་ཅག་གིས་གཞན་དང་མི་འདྲ་བའི་ལུས་ངག་གི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་པ་ཧ་ལས་དགོས་པ་ཞིག་གནང་ནས་བཞུགས་པ་དེ་ལ་ཡི་རངས་བསྔགས་བརྗོད་ཡོད། དེ་རིང་གི་དྲི་བ་དེ་ཚོ་ཡིན་ནའང་ཕལ་ཆེ་བ་ཧ་ཅང་ཡག་པོ་གཏིང་ཟབ་མོ་རེད་ལ། ང་རང་ངོས་ནས་ཀྱང་བསམ་བློ་གསར་བ་གཏོང་དགོས་པ་དེ་འདྲ་མང་པོ་བྱུང་སོང་བས་ཤིན་ཏུ་ཡག་པོ་བྱུང་ཞེས་སོགས་གསུངས། གཞན་ཡང་མ་འོངས་པ་ན་སློབ་གཉེར་སྤྱི་དང་ལྷག་པར་དཔེ་ཆ་ལྟ་དགོས་པ་དེ་རབ་ཏུ་བྱུང་བ་ཞིག་ལ་འཁྲི་བའི་འགན་ཡིན་སྐོར་སོགས་སློབ་གཉེར་དང་ཀུན་སྤྱོད་ལ་རྟིང་སྐུལ་གྱི་བཀའ་སློབ་ཟབ་ནན་གནང་། མཇུག་ཏུ་བཀུར་འོས་སློབ་སྤྱི་མཆོག་ནས་དགེ་བཤེས་ལྷ་རམས་པ་ཧྲེ་ཧོར་ཟླ་བ་ཚེ་རིང་མཆོག་གིས་དུས་ཡུན་རིང་པོར་གྲྭ་ཚང་འདིའི་སློབ་གཉེར་པ་མང་པོར་དཔེ་ཁྲིད་ནང་བ་དང་ལྷག་པར་དུ་ད་ལན་མཛད་བྲེལ་ཆེན་པོའི་གསེང་ནས་གྲྭ་ཚང་འདིར་ཕེབས་ཏེ་སློབ་གཉེར་པ་རྣམས་ཀྱིས་དྲི་བ་གང་ཞུས་ལ་ཐུགས་ཡིད་ཁེངས་པའི་བཀའ་ལན་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་ལགས་ན། དེ་ལས་རྒྱས་པ་གཞུང་ཆེན་གི་ཁག་གི་དྲི་བ་དྲིས་ལན་ཆ་ཚང་ལ་གསན་བཞེས་གནང་འདོད་ཡོད་པ་དག་གིས་འདིར་མནན་ན་ཉིན་གཉིས་ཀྱི་སྒྲ་ཆ་ཚང་ལ་གསན་ཐུབ་པ་ཐུགས་འཇགས་འཚལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.