རྩ་བའི་བླ་མའི་འཁྲུངས་སྐར་བསུ།
མེ་ལྕེབ།
བཀྲ་ཤིས་སྐལ་བཟང་ལྷ་ལམ་ཡངས་པའི་ངོར།། རྨད་བྱུང་འདོད་ཡོན་ལྷ་མོའི་སྒྱུ་འཕྲུལ་རྩེན།།
ཕུན་ཚོགས་རེ་ཁའི་འཇའ་རིས་སྟོང་དུ་མཚར།། དགེ་ལེཊ་ཀུན་འབྱུང་འཁྲུངས་སྐར་དུས་ཆེན་བསུ།།
རབ་དཀར་མདངས་སུ་འཚེར་བའི་ཉི་མ་གཞོན།། བསྟན་འགྲོའི་ཕན་བདེའི་དཔྱིད་དུ་ཚེས་པ་ནས།།
བགྲང་བྱ་དོན་ལྔ་ལོན་པའི་དུས་བཟང་འདིར།། སྐྱབས་གཅིག་དྲིན་ཅན་བླ་མའི་འཁྲུངས་སྐར་བསུ།།
བརྩེ་ཆེན་མཁའ་ལས་ཟབ་གདམས་སྦྲང་ཆར་འཇོ།། སྐར་མའི་འཁོར་ཚོཊ་རྨོངས་གྲོལ་ལམ་བཟང་བསྩལ།།
གདུལ་བྱའི་ཞིང་སར་འཕྲིན་ལས་འོད་སྟོང་འགྱེད།། གང་འདུལ་འགྲོ་བའི་མགོན་པོའི་འཁྲུངས་སྐར་བསུ།།
དགྲ་གཉེན་ཕྱོགས་རིས་སྤོང་བའི་ཐུགས་ཀ་རུ།། ཆགས་སྡང་རླབས་ཀྱིས་རྩེན་པའི་མ་རྒན་རྣམས།།
བྱམས་བརྩེའི་མཛད་ལམ་རིང་མོས་རྟག་སྐྱོང་བ།། ངེས་དོན་རྩ་བའི་བླ་མའི་འཁྲུངས་སྐར་བསུ།།
དད་དམ་གཙང་མས་ཉེ་བར་དྲངས་པའི་ལུས།། རབ་ཏུ་དུད་དེ་སོར་བཅུའི་ཡལ་འདབ་རྣམས།།
ཕྱོགས་གཅིག་སྤྱི་བོར་བཀོད་དེ་སྒོ་གསུམ་གྱིས།། སྐྱབས་མགོན་རྡོ་རྗེ་འཆང་གི་འཁྲུངས་སྐར་བསུ།།
འགྲོ་རྣམས་དུག་གསུམ་སྐྱོན་གྱིས་གཟེར་བའི་ཚོགས།། བཟོད་དཀའི་ནད་ལས་མྱུར་བར་གྲོལ་བ་དང་།།
འདི་ཕྱིའི་ལམ་བཟང་ལེགས་པར་རྙེད་པའི་ཕྱིར།། རང་ཅག་སྐྱེ་དགུའི་མགོན་དུ་བརྟན་པར་བཞུགས།།
ཅེས་ཕྱི་ལོ་༢༠༡༦ ལོའི་ཟླ་༨ ཚེས་༨ ཀྱི་ཉིན་སྟེ་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་མགོན་རྡོ་རྗེ་འཆང་༧རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་དུས་བཟང་གི་ཉིན་མོར། གུས་སློབ་གྲལ་མཐའ་བ་མཁས་གྲུབ་ཏུ་འབོད་པས་གནས་མཆོད་དྷ་རམ་ས་ལའི་ཉེ་འཁྲིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོ་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རང་ཤག་ཏུ་གུས་པས་སྦྱར།།