(ཕྱི་ལོ་ ༢༠༠༤ ཟླ་ ཚེས་ ༡༦ ཉིན། )

 

IMG 3052

༄༅།། དེ་རིང་འདིར་ཀིརྟི་ཚང་དང་དམིགས་བསལ་གྱི་འབྲེལ་བ་ཅན་དང་། སྦྱིན་བདག་བོད་རིགས་མང་པོ་ཞིག་འཛོམས་ཡོད་དུས་ངས་སྐད་ཆ་ཚིག་ཁ་ཤས་བཤད་ན་བསམ་བྱུང་། ང་རྟག་པར་འདིར་ཡོང་ཐུབ་ཀྱི་མེད་དུས་ང་ཚོ་མཉམ་པོར་འཛོམས་རྒྱུ་དཀོན་པོ་རེད། གོ་སྐབས་ཐོབ་དུས་སྐད་ཆ་ཕྲན་བུ་ཞིག་བཤད་པ་ཡིན་ན་བསམ་བློ་གཏོང་སྟངས་དང་སྤྱིར་བཏང་གི་གནས་སྟངས་ཐད་ཕན་ཐོགས་ཕྲན་བུ་རེ་ཨེ་ཡོང་བསམ་པ་དང་།

ད་ལྟའི་དུས་མཚམས་འདི་མི་ཐོག་གསར་རྙིང་བརྗེ་བའི་དུས་ཚོད་ཀྱི་གནས་སྟངས་དམིགས་བསལ་བ་ཞིག་ཡིན་དུས་ང་ཚོ་མི་ཐོག་རྒན་པ་ཚོའི་གནས་སྟངས་མང་པོ་ཞིག་གཞོན་པ་ཚོས་ཤེས་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཡང་ཡོད།

                ང་བོད་ནས་རྒྱ་གར་དུ་གསར་པ་འབྱོར་མ་ཐག ཕྱི་ལོ་ ༡༩༦༠ ལོར། ཐོག་དང་པོ་ཨ་ཁུ་ཡོངས་འཛིན་ཚང་དང་མཉམ་དུ་ཀ་བློན་སྦུག་ཏུ་ཡོད་དུས། ཀིརྟིའི་གཉེར་ཟུར་ཨ་ཁུ་སེངྒེ་དང་ཡོ་ཇོས། ཤར་པ་བཀྲ་དགའ་གསུམ་གྱིས་མཉམ་དུ་སུ་ཁེའི་ས་གནས་འདིར་ཟ་ཁང་ཞིག་བཟུང་བ་རེད། ཁོང་ཚོས་གནམ་གཤིས་དང་སྤྱི་ཚོགས་ཀྱི་ཡུལ་གོམས་གཤིས་ལུགས། འཚོ་བའི་མཐུན་རྐྱེན་སོགས་ཀ་སྤུག་ལས་སུ་ཁེ་དྲག་པར་འདུག་པས་ཚུར་ཡོང་རོགས་ཟེར་ནས་བཤད་པ་བཞིན་ལོ་དེ་རང་ལ་ཨ་ཁུ་ཡོངས་འཛིན་ཚང་དང་། མཚན་ཞབས་མཁན་པོ་ཚང་། གསོལ་ཐབ་པ་ཨ་ཁུ་སྦྱིན་པ་རྒྱ་མཚོ་བཅས་ང་ཚོ་མི་བཞི་སུ་ཁེ་ལ་ཡོང་བ་རེད། དང་པོ་ཨེན་ཏ་རེ་ས་དྷར་རྡོ་རྗེ་ལ་མཆོད་ཁང་གཙང་མ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་ཟླ་བ་གཅིག་ལྷག་བསྡད་པ་ཡིན། དེ་དུས་སུ་ཁེའི་དགོན་བདག་རྡོ་རྗེ་གདན་གྱི་མཁན་ཟུར་ལ་དྭགས་བླ་མ་ངག་དབང་བསམ་གཏན་འདིར་བཞུགས་ཡོད་དུས། ཨ་ཁུ་སེངྒེས་ཁོང་ལ་ངའི་གནས་ཚུལ་ཞུས་ཏེ་འབྲེལ་བ་བྱས་ནས་གཟིམ་ཆུང་ཁང་མིག་གཉིས་གཡར་རོགས་ཞུས་པ་རེད། དེ་ནས་ང་ཚོ་དགོན་པར་གནས་སྤོ་བྱས་ཏེ་གཟིམ་ཆུང་སྦུག་ཏུ་ཨ་ཁུ་ཡོངས་འཛིན་ཚང་དང་ང་གཉིས། མདོ་དེར་མཚན་ཞབས་མཁན་པོ་ཚང་དང་གསོལ་ཐབ་པ་སྦྱིན་པ་རྒྱ་མཚོ་གཉིས་བཞུགས་པ་རེད། ཨ་ཁུ་སེངྒེ་བརྒྱུད་ནས་ལ་དྭགས་བླ་མ་དང་ངོ་ཤེས་ཆགས་པ་མ་གཏོགས་དེའི་གོང་ལ་ང་ཚོ་ཕན་ཚུན་ངོ་ཤེས་ཀྱི་མེད། ཡིན་ནའང་ཁོང་གིས་དང་པོ་ནས་ཁྱེད་རྣམ་པ་ཚོ་འདིར་ཟླ་བ་ལྔ་དྲུག་ལྷག་བཞུགས་འདོད་ཀྱང་ལྷོད་ལྷོད་གནང་ནས་བཞུགས་རོགས་གསུང་གི་འདུག རིམ་པས་འབྲེལ་བ་ཇེ་ཆེར་སོང་དུས་ལོ་འགའ་ཤས་བཞུགས་འདོད་ནའང་བཞུགས་རོགས་གསུངས་སོང་། རྗེས་སུ་ཁྱེད་ཚོ་འདིར་བོད་རང་བཙན་མ་ཐོབ་བར་བཞུགས་ཐུབ་ན་ངས་གང་ཐུབ་ཀྱིས་ཞབས་ཕྱི་ཞུ་གི་ཡིན་ཞེས་གསུང་གི་འདུག ང་ཚོའི་བར་ཐོག་མའི་འབྲེལ་བ་བྱུང་སྟངས་ཀྱི་རིམ་པ་དེ་འདྲ་རེད། སྐབས་དེ་དུས་ང་ལོ་ཆུང་བའི་ཐོག་མི་གཞན་པའི་སེམས་འགུགས་ཐུབ་པའི་ཕྱི་ནང་གི་ཡོན་ཏན་གང་ཡང་མེད། ཡིན་ནའང་ཡོངས་འཛིན་བཀའ་དྲིན་ཅན་ཨ་ཁུ་ཤེས་རབ་ཚང་དང་མཚན་ཞབས་མཁན་པོ་ཚང་རྣམ་པ་ཚོའི་རྨད་དུ་བྱུང་བའི་མཛད་སྤྱོད་ཀྱིས་ལ་དྭགས་བླ་མ་ཁོང་གི་ཐུགས་རང་དབང་མེད་པར་འཕྲོག་སྟེ་ང་ཚོ་ལ་ཡིད་ཆེས་ཀྱི་དད་པ་དང་བརྩི་བཀུར་བླ་ན་མེད་པ་གནང་གི་ཡོད།

                སྐབས་ཤིག་ལ་དྭགས་བླ་མ་དགུང་ཀེག་ལ་འཁེལ་ནས་སྐུ་ཁམས་མ་བདེ་བས་ང་ལ་མོ་ཞིག་རྒྱག་རོགས་ཞེས་གསུང་གི་འདུག་པས། ངས་མོ་བརྒྱབས་དུས་ཚེ་ལྷ་རྣམ་གསུམ་ཁོང་གི་སྐུ་ཚད་མ་ཞིག་བཞེངས་དགོས་ཞེས་བབ་པ་རེད། ཁོང་གིས་ཚེ་སྐུ་ཞལ་ཐང་སྐུ་ཚད་མ་ཞིག་བཞེངས་གྲུབ་མ་ཐག་ང་ལ་ཚེ་དབང་ཞིག་བསྐུར་རོགས་ཞེས་ཨུ་ཚུགས་བསྐྱོན་གྱི་འདུག་པར་བརྟེན། ངས་ཁོང་གིས་གཙོས་མང་ཚོགས་གང་འཚམས་ཤིག་ལ་ཚེ་དབང་བསྡུས་བསྡུས་ཤིག་བཏོན་པ་ཡིན། དེ་ནས་བཟུང་ཁོང་གིས་ང་རྩ་བའི་བླ་མར་བཀུར་ནས་སྔ་མ་ལས་མཐོང་དང་ཆ་འཇོག་ཆེན་པོ་བྱེད་ཀྱི་ཡོད་པས་མི་ཚད་རིམ་པས་ཁོང་གིས་དགོན་པ་འདི་ཕུལ་བ་རེད། ས་ཆ་འདི་མཐའ་འཁོབ་མུན་ནག་གི་ལུང་པ་ཡིན་པས་རིན་པོ་ཆེས་འདིར་དགེ་འདུན་པའི་སྡེ་གཙང་མ་ཞིག་འཛུགས་ཐུབ་ན་བསྟན་འགྲོ་ཀུན་ལ་ཕན་པ་ཆེན་པོ་འབྱུང་གི་འདུག་གསུངས་ནས་ཐུགས་རེ་ཆེན་པོ་གནང་གི་འདུག ཁོང་གིས་དགོན་པ་འདིའི་མགོ་གསེར་ཏོག་ནས་བཟུང་སྟེ་ཐ་མ་ཕྱགས་མའི་བར་ཡོངས་རྫོགས་ང་ལ་ཕུལ་ཏེ་རྡོག་ཁྲེས་ཆུང་ངུ་ཞིག་བསྣམས་ནས་ཤིས་ལོང་ལ་ཕེབས་པ་རེད། འདི་ཕྱི་ལོ་ ༡༩༦༨ ལོའི་ནང་རེད། དེ་དུས་ང་སྐྱབས་བཅོལ་པའི་བོད་པ་སྤྱི་མཚུངས་ལྟར་དཔལ་འབྱོར་སོགས་གང་ཐད་ནས་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་པའི་སྐབས་ཡིན་དུས་དགོན་པ་ཡར་རྒྱས་གཏོང་ཐུབ་པའི་མཐུན་རྐྱེན་གང་ཡང་མེད་ནའང་། ངས་དང་པོའི་ལས་ཀར་དམ་ཚིག་གཙང་མའི་དགེ་འདུན་པ་བཞི་སྡེ་ཞིག་བསྡུ་དགོས་པ་གལ་གནད་ཆེན་པོར་བརྩིས་ནས། ཐོག་མར་གསོལ་ཐབ་པ་སྦྱིན་པ་རྒྱ་མཚོ་དང་། སྐབས་དེར་ཌ་ལ་ཧོ་སིར་ཡོད་པ་ལྕང་ཚའི་གོས་བརྡའི་ཨ་ཁུ་སྦྱིན་པ་རྒྱ་མཚོ། ཨ་ཁུ་དབོན་པོ་དགེ་ལེགས་རྒྱ་མཚོ། རྔ་པ་ཇ་ཚོགས་སྤྲུལ་སྐུ། ཚོ་བདུན་དགོན་པའི་གྲྭ་བློ་སྦྱིན་དང་རྒྱ་མཚོ། སེ་ར་སྨད་ཐེ་བོ་ཁང་ཚན་གྱི་གྲྭ་བྲག་སྒམ་པ་བློ་བཟང་བཅས་ལྷན་ཅིག་ཏུ་བསྡུས་ནས་ང་ཚོ་བླ་སློབ་བརྒྱད་ཀྱིས་འདིར་དང་པོའི་གཞི་བཟུང་། ཡར་ངོ་མར་ངོ་ལ་ངས་མདོ་འཆད་ནས་གསོ་སྦྱོང་འཚོགས་ཏེ་དགོན་པ་ཞིག་གི་བཟོ་ལྟ་བྱས་པ་རེད། ཡིན་ནའང་ངས་གོང་དུ་བཤད་པ་ལྟར་སྐབས་དེ་དུས་ང་ཚོ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་ཧ་ཅང་གི་ཞན་པོ་ཡིན་སྟབས། ཟླ་རེའི་འཚོ་བའི་ཐེབས་རྩ་ལྟ་བུར་ཨ་ཁུ་སེངྒེའི་ཟ་ཁང་ནས་སྒོར་ལྔ་བཅུ་དང་། རྡོ་རྗེ་གླིང་ན་ཡོད་པ་ཕུན་ཚོགས་བཀྲ་ཤིས་ཚང་གི་ཟ་ཁང་ནས་སྒོར་ལྔ་བཅུ་རེ་འཆར་ཅན་སྤྲོད་རྒྱུ་བྱས་པའི་ཐོག་མཆོད་མེའི་དོད་དངུལ་ཕྲན་བུ་དང་མཇལ་དར་སྒོར་རེ་ཟུང་ཡོང་གི་ཡོད་པ་དེས་ལོ་གང་འཚམས་གྱི་རིང་འཚོ་བ་འཁྱོལ་བར་བྱས་པ་རེད། སྐབས་དེ་དུས་དགོན་པའི་འཛིན་སྐྱོང་གི་འགན་གཙོ་བོ་ཇ་ཚོགས་སྤྲུལ་སྐུས་བླངས་ཏེ་ཁོང་གིས་ཐབ་ཚང་ཚུན་ཆད་ལ་ལས་ཀ་གནང་སྟེ་དཀའ་ལས་མང་པོ་བརྒྱབས་ཡོད།

                རྗེས་སུ་རྡོ་རྗེ་གླིང་དུ་དགོན་པའི་འཚོ་བའི་དམིགས་རྟེན་དུ་ཟ་ཁང་ཆུང་ཆུང་ཞིག་བཟུང་། དེའི་ནང་ལས་ཀ་གཙོ་བོ་བྱེད་མཁན་ཨ་ཁུ་བྱམས་པ་དང་དེའི་རོགས་པར་ཨ་ཁུ་རྒྱ་མཚོ་ཕེབས་པ་རེད། བྱམས་པ་ཁོ་རང་ནད་པ་ཡིན་བཞིན་དུ་ཧུར་ཐག་འབད་ཐག་བྱས་བྱུང་། ཨ་ཁུ་རྒྱ་མཚོས་སྨད་ལ་ཤམ་ཐབས་དང་སྟོད་ལ་ནང་གོས་དམར་པོ་ཞིག་གྱོན་ནས་ལོ་མང་པོའི་རིང་དཀའ་ལས་བསྐྱོན་ནས་ཕྱག་ལས་གནང་བ་རེད། བྱམས་པ་དང་རྒྱ་མཚོ། བློ་སྦྱིན་རྣམས་ཀྱིས་ང་དང་ཐོག་བོད་ནས་བྲོས་ཡོང་བའི་སྐབས་སྲོག་འབེན་ལ་བཙུགས་ཏེ་རྒྱ་གར་དུ་ཡོང་བ་རེད། དུས་དེ་ནས་བཟུང་ད་ལྟའི་བར་མཉམ་གཤིབ་མཉམ་སྡོད་ཀྱིས་མི་ཚེ་མཐའ་འཁྱོལ་བ་བྱས་ཡོད། ལྷག་པར་དུ་སུ་ཁེ་དགོན་པ་འདི་དང་པོ་ཀིརྟི་ཚང་གི་དགོན་ལག་ཏུ་གྱུར་པ་ནས་བཟུང་གཉེར་པ་དང་དབུ་མཛད་སོགས་མདོར་ན་འཛིན་སྐྱོང་གི་འགན་ཡོངས་རྫོགས་ཁོང་ཚོས་ཁྱེར་ནས་ད་ལྟ་ལ་ཐུག་གི་བར་དཀའ་ལས་མང་པོ་བརྒྱབས་ཡོད་པ་རེད། ད་ལྟ་རྒྱ་གར་ལུང་པའི་ཀིརྟི་དགོན་གྱི་ཐོག་མ་སུ་ཁེ་དགོན་པ་ལ་ཐོག་མའི་སྐུ་ལས་བསྐྱོན་མཁན་གྱི་གྲས་ཨ་ཁུ་སྦྱིན་པ་རྒྱ་མཚོ་དང་། ཨ་ཁུ་སེངྒེ་། ཨ་ཁུ་དབོན་པོ་འཇམ་དབྱངས་བསོད་ནམས་དང་ཨ་ཁུ་དབོན་པོ་དགེ་ལེགས་རྒྱ་མཚོ། ཨ་ཁུ་བྱམས་པ་སོགས་སྐབས་དེ་དུས་ཀྱི་མི་ཐོག་རྒན་པ་ཕལ་ཆེར་སྐུ་གཤེགས་ནས་རྫོགས་པ་རེད། ལ་དྭགས་བླ་མའི་སྐབས་གྲྭ་པ་ཡིན་པ་ནོར་བུ་སོགས་འགའ་ཤས་ལས་ལྷག་མེད། དེར་བརྟེན་དགོན་པ་འདི་མ་འོངས་པར་མུ་མཐུད་འཛིན་སྐྱོང་བྱེད་ཐུབ་པའི་ཤེས་ཡོན་ཅན་གང་འཚམས་ཡོད་པ། ས་གནས་འདིའི་དད་ལྡན་ཚོའི་རེ་འདོད་ལྟར་ཆོ་ག་ཕྱག་ལེན་དང་མཐུན་པར་རིམ་གྲོ་བྱེད་ཐུབ་མཁན་གྱི་དགེ་འདུན་པའི་སྡེ་སྤུས་གཙང་ཞིག་ཡོང་ཐུབ་པའི་རེ་བ་བཅངས་ནས་ད་ལྟའི་མི་ཐོག་གི་གྲྭ་གཞོན་ཁག་ཅིག་རྡ་རམ་ས་ལར་ཁྲིད་དེ་སློབ་སྦྱོང་སྤྲོད་བཞིན་ཡོད། འདིར་འཛོམས་པའི་ནང་བོད་ནས་ཡར་ཡོང་མཁན་ཚོ་དང་ངའི་བར་མི་ཐོག་མང་པོའི་རིང་གི་ཆོས་འབྲེལ་དང་ཡིད་ཆེས་དད་གུས་ཀྱི་བག་ཆགས་གཏིང་ཟབ་པོ་ཞིག་གི་འབྲེལ་བ་ཡོད་པར་མ་ཟད། འདིར་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཁྱེད་ཚོ་དང་ང་ཚོ་ལན་མང་འཛོམས་ནས་ཕན་ཚུན་ཡིད་ཆེས་དང་དད་གུས་ཀྱི་འབྲེལ་བ་གཏིང་ཟབ་པོ་ཞིག་བྱུང་ཡོད་པ་འདི་ཡང་ང་ཚོའི་བར་ལ་ལས་འབྲེལ་ཡོད་པའི་དབང་གིས་རེད། ལ་དྭགས་བླ་མ་དང་ང་ཚོ་ཡང་དེ་ལྟ་བུ་ལས་ཀྱི་འབྲེལ་བ་ཞིག་གིས་འཛོམས་པ་རེད་མ་གཏོགས་ཐོག་མ་ནས་ཕན་ཚུན་བར་འབྲེལ་བ་ཡོད་པའི་གནས་ཚུལ་གང་ཡང་མེད།

                ད་ལྟ་འདིར་འཛོམས་པའི་ཡུལ་མི་ཕལ་ཆེ་བ་སྔ་མོ་ནས་བློ་སེམས་བརྟན་པོ་དང་། རང་བཞིན་གྱིས་ལས་འབྲས་ལ་ཡིད་ཆེས་པ། ཆོས་ལ་དད་པ་ཡོད་མཁན་ཤ་སྟགས་ཡིན་ནའང་། ཆོས་ཀྱི་ངོ་བོ་ཟེར་ན་རེད། ཆོས་ཟེར་ན་གང་འདྲ་ཡིན་མིན་དང་། ཉིན་རེའི་འཚོ་བའི་ནང་ཆོས་ག་འདྲ་བྱས་ནས་བྱེད་དགོས་ཀྱི་ཡོད་མེད་རྩ་བ་ནས་ཤེས་ཀྱི་མེད་པ་འདིས་རང་བཞིན་གྱིས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པའི་མཐོང་ཚུལ་བྱུང་། ང་ཚོ་ཐུན་མོང་གི་ཐོག་ནས་ཆོས་ཀྱི་རྨང་གཞི་ཡོད་བསྡད་པའི་སུ་ཁེ་ཀིརྟི་དགོན་པ་འདི་ཕྱི་ནང་གཉིས་ཐད་ནས་གང་ཐུབ་ཀྱི་ཡར་རྒྱས་ཤིག་བཏང་སྟེ། སྡེ་འདིའི་དགེ་འདུན་པ་ཚོས་མང་ཚོགས་ལ་ཆོས་ཀྱི་སྣེ་ཁྲིད་དང་སློབ་སྟོན་གནང་ཐུབ་པ་བྱུང་བ་ཡིན་ན། མཐའ་འཁོབ་མུན་པའི་གླིང་འདིར་ཆོས་ཀྱི་སྒྲོན་མེ་སྤར་བ་ཡིན་དུས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོང་གི་རེད། དེ་འདྲ་ཡིན་དུས་གྲྭ་པ་གཞོན་པ་ཚོའི་ངོས་ནས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་སློབ་སྦྱོང་བྱས་ཏེ་ནང་ཆོས་ཀྱི་སྤྱི་ཁོག་ཤེས་ཐུབ་པ་ཞིག་མ་མཐའ་ཡང་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་བོད་ཀྱི་སྐད་ཡིག་ཤེས་ཐུབ་པ་ཞིག་དགོས། ནང་ཆོས་ཤིག་ཤེས་པ་ཡིན་ན་རང་གི་མི་ཚེ་ལ་གཏན་གྱི་བདེ་སྐྱིད་ཐོབ་ཐུབ་པར་མ་ཟད། མང་ཚོགས་ལའང་འདི་ཕྱི་གཉིས་ཕན་གྱི་ཕན་པ་རླབས་ཆེན་པོ་སྒྲུབ་ཐུབ། དེང་སང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་ཆེ་བའི་ནང་ཚན་རིག་གིས་གཙོས་ཕྱིའི་དངོས་པོའི་ཡར་རྒྱས་ཧ་ཅང་གི་ཚད་མཐོན་པོར་སླེབས་ཡོད་ནའང་། ཕྱིའི་དངོས་པོ་ཡར་རྒྱས་རྐྱང་པས་འདོད་པ་མ་ཚིམས་པར་ནང་ཆོས་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོའང་དེ་འདྲ་རེད། ཁྱེད་ཚོ་གྲྭ་གཞོན་མང་པོ་ཞིག་རྡ་རམ་ས་ལར་ལེན་དགོས་པ་ཡང་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཕྲན་བུ་ཤེས་ཐུབ་པ་དང་། དེའི་ཐོག་ནས་རང་གི་ཕ་མ་སྤུན་མཆེད་ཀྱིས་གཙོས་ས་གནས་འདིའི་ཡུལ་མི་ཡོངས་རྫོགས་ལ་ཆོས་ཀྱི་ཐོག་ནས་ཕན་པའི་ཞབས་འདེགས་ཤིག་བསྒྲུབ་ཐུབ་པ་ཡོང་རྒྱུའི་ཆེད་དུ་རེད། མ་འོངས་པར་ཤི་གསོན་གང་གི་ཆེད་དུ་ཆོ་ག་གང་འདྲ་ཞིག་བཏོན་པ་ཡིན་ནའང་། ཆོ་ག་ཕྱག་ལེན་དང་མཐུན་པ་ཞིག་དང་། ཆད་ལྷག་དང་བསྲེས་སྦྱོར་མེད་པར་སྦྱིན་བདག་ལ་ཕན་ཐོགས་ངེས་ཀྱི་ཞབས་བརྟན་སྤུས་དག་པོ་ཞིག་འདོན་ཐུབ་པའི་འགན་འཁྱེར་ཐུབ་པ་ཞིག་དགོས་པས་ད་ལྟ་ནས་བསམ་བློའི་ནང་གྲ་སྒྲིག་ཅིག་ཡོད་དགོས། ཐོག་མའི་ཀུན་སློང་དང་སེམས་བསྐྱེད་སྟངས་ཀྱིས་གཞན་ལ་ཕན་ཐོགས་བྱེད་སྙམ་པའི་སེམས་ཤུགས་དྲག་པོ་ཞིག་ཡོད་ན་སྦྱོར་བ་ལག་ལེན་ཡང་དེ་དང་མཐུན་པ་ཞིག་འོང་བས་རྣམ་པ་ཚོས་ཐོག་མའི་སེམས་བསྐྱེད་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དངུལ་རྐྱང་བའི་ཆེད་དུ་གྲོང་ཆོག་བྱེད་སྙམ་པའི་བསམ་བློ་འདྲ་ཡོད་ན་དེས་རང་གཞན་སུ་ལའང་ཕན་ཐོགས་ཀྱི་མ་རེད་ལ་རང་ངོས་ནས་ཀྱང་དེ་ནོར་འཁྲུལ་ཚབས་ཆེན་པོ་རེད། དངུལ་ཐོབ་རྒྱུ་རྐྱང་པའི་ཆེད་དུ་ཡིན་ན་དངུལ་ཐོབ་ཐབས་གྲོང་ཆོག་མ་ཡིན་པའི་ལས་ཀ་འདྲ་མིན་བཅོ་བརྒྱད་བྱ་རྒྱུ་ཡོད་པ་ཡིན་དུས་གྲོང་ཆོག་རྐྱང་པའི་ཟོལ་བརྫུན་ལྟ་བུ་བྱེད་དགོས་དོན་གང་ཡང་མེད། ནང་པའི་དགེ་འདུན་པ་ཚོའི་མི་ཚེའི་ལས་དོན་གཙོ་བོ་གཞན་ལ་ཕན་པ་བསྒྲུབ་རྒྱུ་འབའ་ཞིག་ཡིན་སྟབས་ཁྱེད་ཚོས་རང་ཉིད་ནང་པའི་ཆོས་པ་དང་རབ་བྱུང་ཞིག་ཡིན་པའི་ངོས་འཛིན་བསམ་བློའི་ནང་རྟག་ཏུ་མ་ཉམས་པར་ཡོད་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་འདིར་ཡོད་པའི་གྲྭ་གཞོན་གསར་པ་ཁྱེད་ཚོས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་ཅང་འགོར་མེད་དུས་ཁྱོད་ཚོ་བསླབ་སྡོམ་ལ་གས་ཆག་མ་ཐེབས་པའི་གྲྭ་པ་གཙང་མ་ཤ་སྟག་ཡིན་པ་རེད།

               སྤྱིར་སུ་ཁེ་ཕྱོགས་འདིར་དགོན་སྡེ་འདྲ་མིན་དང་གྲྭ་རིགས་འདྲ་མིན་མང་པོ་ཡོད་དུས་ཆང་དང་ཐ་མག་འཐེན་མཁན་དང་རྩེད་མོ་ངན་པ་སྣ་ཚོགས་རྩེ་མཁན་སོགས་སྤྱོད་པ་མ་རབས་བྱེད་མཁན་ཡང་ཡོད་སྲིད་ཀྱང་དེ་དག་ལ་མིག་དཔེ་མི་ལྟ་བར་། བཟང་པོ་ལ་ཁ་མིག་ཡར་བལྟ་བྱས་ཏེ་མི་ཚེའི་རིང་རང་གཞན་ལ་ཕན་འདོགས་བྱེད་མཁན་དང་གྲྭ་པ་གཙང་མ་ཞིག་ཡོང་བར་བྱེད་དགོས། སྔ་མོ་འདིར་གྲྭ་པ་གཉིས་གསུམ་མ་གཏོགས་མེད་ནའང་ད་ལོ་གྲྭ་པ་གཞོན་པ་རེ་བ་ཡོད་ས་ཉི་ཤུ་ནང་ཞིག་འཛོམས་ཐུབ་པ་བྱུང་ཡོད་དུས་རྣམ་པ་ཚོའི་མི་ཐོག་ལ་འདིར་དགོན་པ་ཚད་དང་ལྡན་པ་ཡག་པོ་ཞིག་ཡོང་ཐུབ་པར་བྱེད་དགོས། དགོན་པ་ཡག་པོ་ཟེར་བ་དེ་དགེ་འདུན་པའི་ཁ་གྲངས་མང་བ་དང་ལྷ་ཁང་རྫིག་པོ་བརྒྱབས་པ། དགོན་པའི་སྟོབས་འབྱོར་རྒྱས་པ་དེ་འདྲ་ལ་ཟེར་གྱི་མེད། དགོན་པ་ཡག་པོ་ཡིན་མིན་དེའི་ནང་གི་དགེ་འདུན་པའི་སྡེ་སྤུས་གཙང་ཡིན་མིན་དང་དེས་མང་ཚོགས་ལ་ཆོས་ཀྱི་སྣེ་ཁྲིད་དང་ཕན་འདོགས་བྱེད་ཐུབ་མིན་ལ་ཟེར་གྱི་ཡོད།

རྩ་བའི་དགོན་པ་འདིའི་བདག་སྐྱོང་གི་འགན་གཙོ་བོ་ང་ལ་ཡོད་ནའང་ང་རང་ལོ་ཆུང་བའི་སྐབས་ལོ་དགུའི་རིང་ཝ་ར་ཎཱ་སིའི་མཐོ་རིམ་སློབ་གྲྭ་ལ་སོང་། དེའི་རྗེས་ནས་བཟུང་ད་ལྟའི་བར་བོད་གཞུང་ལ་ཞབས་ཕྱི་ཞུས་ནས་ཐེག་པ་རིམ་འཛེགས་ཀྱིས་མགོ་བཀའ་བློན་བར་དུ་ཕྱིན་ནས་མི་ཚེའི་རིང་ཤོས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཞབས་ཞུའི་ནང་བཏང་བ་ཡིན་དུས་དགོན་པ་འདི་དང་འབྲེལ་བ་བྱེད་པའི་དུས་ཚོད་མ་རེག་པ་རེད། དེང་སང་ང་གཞུང་གི་སྲི་ཞུ་པའི་གྲས་ནས་བགྲེས་ཡོལ་བྱས་ཏེ་ཡོད་སྟབས་ང་ཚོ་ལན་མང་པོ་ཐུག་རྒྱུའི་དུས་ཚོད་མང་པོ་ཡོང་གི་རེད། རིམ་པས་དགོན་པ་འདི་ཡར་རྒྱས་གཏོང་ཐུབ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད།

                གོང་དུ་ཞུས་པ་བཞིན་དགོན་པ་ཡར་རྒྱས་གཏོང་རྒྱུ་ཟེར་དུས་སློབ་སྦྱོང་ཡོད་པའི་གྲྭ་པའི་སྡེ་ཁག་གཙང་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་རེད། དེར་བརྟེན་ད་དུང་ཡང་རྡ་རམ་ས་ལར་སློབ་སྦྱོང་བྱེད་མཁན་གྱི་གྲྭ་པ་གང་མང་ཞིག་ཡོང་ཐུབ་དགོས་ཀྱི་འདུག གང་ཞིག་གསེར་གྱི་རི་ལ་གནས་པ་དེའི་འདབ་ཆགས་དག་ཀྱང་གསེར་དུ་འགྱུར་བ་དང་། གང་ཞིག་དུག་གི་རི་ལ་གནས་པ་དེའི་འདབ་ཆགས་དག་ཀྱང་དུག་ཏུ་འགྱུར། ཞེས་གསུངས་པ་ལྟར་ཁོ་ཚོ་རྡ་རམ་ས་ལའི་དགོན་པ་ཆེན་པོའི་གྲྭ་པ་ཚོ་དང་མཉམ་པོར་དུས་ཡུན་གང་འཚམས་བསྡད་པ་ཡིན་ན། སློབ་སྦྱོང་དང་འགྲོ་ལམ་འདུག་སྟངས། བསམ་བློའི་འཁྱེར་སོ་སོགས་ཕྱོགས་གང་ཐད་ལ་ཕན་ཐོགས་ཤུགས་ཆེན་པོ་ཞིག་ཡོང་སྲིད་ཀྱི་རེད། འདི་གའི་འབྲེལ་ཡོད་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཚོས་གྲྭ་པ་སུ་དང་སུ་གཏོང་དགོས་མིན་གྲོས་བསྡུར་བྱས་ནས་གཏོང་ཐུབ་ན་ཡག་པོ་འདུག

                རྡ་རམ་ས་ལར་སུ་ཁེའི་སློབ་གཉེར་པ་གྲྭ་པ་གཞོན་པ་ཚོའི་ཆེད་ལོ་གསུམ་གྱི་དུས་ཡུན་ཅན་དམིགས་བསལ་འཛིན་གྲྭ་ཞིག་བཙུགས་ནས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་རེད། ད་ལྟ་ཁོ་ཚོ་སློབ་སྦྱོང་དང་སྤྱོད་པ་གང་ཐད་ནས་ཡག་པོར་ཆགས་ཡོད། འགའ་ཤས་ཀྱི་རིག་གནས་དང་ཆོ་ག་ཕྱག་ལེན་སོགས་སྦྱོང་བའི་ཞོར་དུ་དཔེ་ཆ་བལྟ་བའི་འཛིན་གྲྭའི་ནང་སོང་ནས་དཔེ་ཆ་ལ་ལྟ་མུས་ཡིན། དེར་བརྟེན་ཁོ་ཚོས་མ་འོངས་པར་ཡུལ་ལུང་འདིའི་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད། སྔ་མོའི་ལོ་རྒྱུས་ནང་ནང་པའི་བསྟན་པ་རྩ་བ་ནས་དར་མ་མྱོང་བའི་ལུང་པ་ཨ་མེ་རི་ཀ་དང་། ཨུ་རུ་སུ། འཇར་མན། ཨོ་སི་ཀྲི་ལེ་ཡ། དབྱིན་ཇི་སོགས་ཕྱིའི་རྒྱལ་ཁབ་མང་པོའི་ནང་དེང་སང་ནང་ཆོས་གསར་དུ་སྤེལ་ནས་དར་ཐུབ་ཀྱི་ཡོད་ན། གཞི་རྩའི་བསམ་བློ་གཏོང་ཕྱོགས་དང་རིག་གཞུང་གོམས་གཤིས་སོགས་བོད་ཀྱི་ནང་ཆོས་དང་གཏིང་ཟབ་མོའི་འབྲེལ་བ་ཡོད་མཁན་གྱི་མི་རིགས་ཤིག་གི་ནང་ཆོས་ལུགས་ཉམས་པ་སླར་གསོ་བྱེད་རྒྱུ་ལ་དེ་ཙམ་གྱི་དཀའ་ངལ་ཆེན་པོ་ཡོད་པ་མ་རེད་བསམ་གྱི་འདུག ཆོས་ཀྱི་གནས་ལུགས་ཤེས་མཁན་ཞིག་གིས་ནང་ཆོས་ངོ་སྤྲོད་བྱས་པ་ཡིན་ན་བསམ་བློའི་གཏིང་ལ་ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་བག་ཆགས་ཟབ་མོ་ཞིག་ཡོད་པ་དེའི་རྐྱེན་གྱིས་ངོ་འཕྲོད་སླ་བ་དང་དད་པ་འཕེལ་ཤུགས་ཆེ་བ་ཡོད་པ་རེད། སྔོན་མ་ང་ཆོས་དོན་བཀའ་བློན་གྱི་མིང་ཐོག་ནས་རྡོ་རྗེ་གླིང་དུ་ཡོང་སྐབས་མང་ཚོགས་ལ་ང་ཚོ་ནང་པའི་ཆོས་ལུགས་ཁས་ལེན་མཁན་གཅིག་གྱུར་ཡིན་པའི་ཐོག་ནས་སྔ་མོ་ནས་ནང་པ་ཡིན་མཁན་ཤར་པ་དང་། རྟ་མང་། བལ་པོ་དང་རྒྱ་གར་དུ་གཏོགས་པའི་མི་རིགས་ཀུན་གྱིས་སོ་སོའི་ཕ་མེས་སྐབས་ནས་དར་བའི་ནང་པའི་ཆོས་དང་འབྲེལ་བའི་རིག་གཞུང་བསྐྱར་གསོ་དང་དར་སྤེལ་གཏོང་རྒྱུ་གལ་ཆེན་པོ་འདུག་ཅེས་བཤད་པ་ཡིན་ལ། ཁོ་ཚོས་ཀྱང་ངའི་སྐད་ཆ་ལ་དོ་སྣང་བྱས་ནས་གང་ཐུབ་ཀྱིས་ཡར་རྒྱས་གཏོང་འདོད་ཡོད་པ་རེད། ད་ཆ་ཁྱེད་ཚོ་འདིར་ན་གཞོན་མང་པོ་འཚར་ལོངས་བྱུང་ནས་གཞི་རྩ་ཡག་པོ་ཡོད་པ་འདིའི་ཐོག་ནས་སོ་སོའི་ཕ་མེས་སྐབས་ནས་དར་བའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དར་སྤེལ་གཏོར་རྒྱུའི་ཐོག་དགོན་གྲོང་ཀུན་གྱིས་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོར་མཐོང་གི་འདུག

                སུ་ཁེ་དགོན་པ་འདི་རྒྱ་གར་ནང་ཀིརྟི་ཚང་གི་དགོན་པའི་ཐོག་མ་དེ་ཡིན་པར་མ་ཟད། ཡོངས་འཛིན་བཀའ་དྲིན་ཅན་ཨ་ཁུ་ཤེས་རབ་ཚང་འདིར་བཞུགས་ནས་དགོངས་པ་རྫོགས་པ་ཡིན་དུས་ཁོང་གི་ཐུགས་བསྐྱེད་སྨོན་ལམ་ཡང་ཡོད་ངེས་རེད་ལ། ང་ཚོའི་མཁས་དབང་གསེར་གྱི་རི་འདྲ་བ་མང་པོ་ཞིག་འདིར་ཕེབས་ནས་བཞུགས་ཡོད་སྟབས་ས་གཞི་བྱིན་རླབས་ཅན་དུ་གྱུར་ཡོད། ང་ལ་མཚོན་ནའང་ཐོག་མའི་གནས་གཞི་འདི་ཉིད་དུ་བྱས་པ་རེད། དེ་བཞིན་ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་བཀའ་སྲུང་རྒྱལ་ཆེན་རྡོ་རྗེ་དཔའ་བོ་རྩལ་ཡང་རྒྱ་གར་ནང་ཐོག་མར་ས་གནས་འདིར་བསྟེན་གསོལ་བྱས་པ་ཡིན་དུས་སུ་ཁེ་དགོན་པ་འདི་རྒྱ་གར་ནང་གི་ཀིརྟི་ཚང་གི་མ་དགོན་ལྟ་བུ་རྩ་ཆེ་ཤོས་སུ་གྱུར་ཡོད། ཡིན་ན་ཡང་ངས་གོང་དུ་ཞུས་པ་བཞིན་ད་ལྟའི་བར་ཡར་རྒྱས་གཏོང་མ་ཐུབ་པས་དགོན་པ་ཆུང་ཆུང་ཞིག་ལས་འཕེལ་རྒྱས་འགྲོ་ཐུབ་ཡོད་པ་མ་རེད། བཀའ་གདམས་གོང་མ་ཚོའི་གསུང་སྒྲོས་ལ། ཕ་ལས་བུ་རྫིག་བུ་ལས་ཚ་བོ་རྫིག ཚ་བོ་ལས་ཡང་ཚ་རྫིག་ཅེས་པའི་གསུང་སྲོལ་ཡོད་པ་ལྟར་ཕ་ཡུལ་ན་ཀིརྟིའི་མ་དགོན་དང་པོ་ཚ་ཁོའི་མ་དགོན་ཡང་ཆུང་ངུ་ཞིག་ལས་ཡོད་པ་མ་རེད། མ་དགོན་གཉིས་པ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པ་གཞན་དག་ལ་ལྟོས་ཏེ་གྲྭ་ཚོགས་ཤུགས་ཆེན་པོ་འཕེལ་ཐུབ་མེད། འདི་ཀིརྟི་ཚང་གི་ལོ་རྒྱུས་ཀྱི་འཕེལ་རིམ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་འདྲ། གང་ལྟར་མ་འོངས་པར་དགོན་པ་འདི་རིམ་པས་ཡར་རྒྱས་བཏང་སྟེ་ཡུལ་ལུང་འདིའི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ལ་ཕན་ཐོགས་མཁན་ཞིག་ཏུ་ཡོང་ཐུབ་པའི་རེ་བ་བཅང་གི་ཡོད། ངའི་རེ་བ་བཞིན་མངོན་འགྱུར་ཡོང་ཐུབ་མིན་ད་ལྟའི་དངོས་ཡོད་དགེ་འདུན་པ་ཚོས་དམ་པའི་ཆོས་འདུལ་བའི་དགོངས་པ་དང་མཐུན་པའི་སྤྱོད་ལམ་གཙང་མའི་ཐོག་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ལ་འབད་བརྩོན་ཧུར་ཐག་བྱེད་ཐུབ་མིན་ལ་རག་ལས་ཡོད། འདི་ཕྱོགས་ཀྱི་སྤྱི་ཚོགས་ནང་གྲྭ་པ་རྫུན་མ་དང་གྲྭ་ཆས་གྱོན་ནས་སྤྱོད་པ་མ་རབས་བྱེད་མཁན་སྣ་ཚོགས་ཡོད་ཚོད་འདུག རྣམ་པ་ཚོས་དེ་དག་ལ་མིག་ལྟོས་མི་བྱེད་པར། གཞན་ལ་ཕན་འདོགས་ཀྱི་སེམས་བསྐྱེད་དང་མི་ཚེའི་རིང་ཆོས་དང་མཐུན་པའི་གྲྭ་པ་གཙང་མ་བྱེད་འདོད་པའི་ཀུན་སློང་དང་སྤོབས་པ་བརྟན་པོ་ཡོད་དགོས་པ་འདི་གལ་ཆེན་པོ་རེད།

                མ་གཞི་ནས་ས་གནས་འདིའི་བོད་མི་སེར་སྐྱ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་ང་ཚོ་ཀུན་བོད་རིགས་ཤིག་ཡི ན་པའི་ཆ་ནས། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་སློབ་ལ་བརྩི་བཀུར་དང་ལེན་ཞུ་དགོས་པ་དང་། བོད་ཀྱི་བསྟན་སྲིད་འཕེལ་རྒྱས་ཀྱི་ཆེད་ལས་ཀ་བྱེད་དགོས་པའི་འགན་ཞིག་ཡོད། དེང་སང་ང་ལ་བོད་མི་དཀྱུས་མ་ཞིག་ལས་གཞུང་གི་མཚན་གནས་དང་མིང་ཐོབ་གང་ཡང་མེད་ནའང་བོད་རིགས་ཤིག་ལ་ལྷན་སྐྱེས་སུ་འཁྲི་བའི་ལས་འགན་ང་ཚོ་ཚང་མ་གཅིག་མཚུངས་ཀྱིས་འཁྱེར་དགོས་ཀྱི་ཡོད། ང་ཚོས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་པ་དང་མ་འགལ་བའི་ཐོག་ནས་ཆོས་སྲིད་ཀྱི་འཚོ་བ་སྐྱེལ་ཐུབ་ན་འདི་ཕྱི་ཀུན་ལ་དེ་ལས་ལྷག་པའི་ཕན་པ་ཞིག་ཡོང་རྒྱུ་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེ་དང་བོད་ཁ་བ་གངས་ཅན་པའི་བར་བླ་སློབ་དང་ཐུན་མོང་མིན་པའི་རྟེན་འབྲེལ་གྱི་འབྲེལ་བ་ཞིག་ཡོད་པ་འདི་ཤིན་ཏུ་རྩ་ཆེན་པོ་ཡིན་དུས། རྒན་པ་ཚོས་གཞོན་པ་རྣམས་ལ་དེའི་སྐོར་གསུངས་ནས་ཤེས་སུ་འཇུག་དགོས་པ་འདི་གལ་ཆེན་པོ་རེད། ཨ་ལགས་(ཤིང་སྐམ་སྤྲུལ་སྐུ་ཨ་ལགས་ཚུལ་ཁོ་)སོགས་རྒན་པ་རྣམས་ཀྱིས་འགན་བཞེས་ནས་རྟག་ཏུ་ཁ་ཏ་བསླབ་བྱ་བྱེད་དགོས་ཀྱི་འདུག

                ང་ཚོ་ཀིརྟི་ཚང་གི་སྐུ་ཕྲེང་རིམ་པའི་རྣམ་ཐར་གྱི་སྟེང་ནས་བཤད་ནའང་རེད། ཀིརྟི་ཚང་གི་གདན་ས་ཆེ་ཕྲ་ཐམས་ཅད་དང་ང་ཚོའི་ཐུན་མོང་མིན་པའི་བསྟན་སྲུང་དཔའ་བོ་རྩལ་ཡིན་ནའང་རེད། མདོར་ན་བླ་མ་དང་གྲྭ་ཚང་སྲུང་མ་སུ་ཞིག་གི་ངོས་ནས་བཤད་ཀྱང་། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི་གསུང་དཔའ་རྩལ་གྱི་བཤགས་པའི་ནང་། དམ་ཉམས་གྲིབ་ཕོག་ཟས་གཏམ་འདྲེས་པ་དང་། །ཆགས་སྡང་དབང་གིས་གྲུབ་མཐའི་ཕྱོགས་རིས་བཟུང་། །ཞེས་གསུངས་པ་ལྟར་ཆགས་སྡང་གི་དབང་གིས་ཆོས་ལུགས་ལ་འཐེན་འཁྱེར་དང་ཕྱོགས་རིས་མི་བྱེད་པ་འདི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡིན། ཆོས་ལུགས་ལ་ཕྱོགས་ལྷུང་འཐེན་འཁྱེར་མི་བྱེད་རྒྱུ་དེ་སྲུང་མའི་དམ་ཚིག་ཀྱང་ཆགས་ཡོད། ད་ལྟའི་བར་དུ་ང་ཚོ་ཀིརྟི་ཚང་གིས་ཆོས་ལུགས་ལ་ཕྱོགས་ལྷུང་བྱས་པའི་གནས་ཚུལ་བྱུང་མྱོང་མེད་ལ། མ་འོངས་པར་ཡང་རྒན་པ་ཚོས་འགན་བླངས་ནས་དེ་མཐའ་འཁྱོལ་བར་བྱེད་དགོས།

                འདི་གར་ལོ་ལྟར་མི་མང་གིས་སྨྱུང་གནས་འཚོགས་ཀྱི་ཡོད་པ་ཧ་ཅང་གི་ཡག་པོ་རེད། ད་དུང་མུ་མཐུད་འཚོགས་བཅུག་ནས་རྒན་པ་ཚོས་ཆོས་ཀྱི་གནས་ལུགས་ཕྲན་བུ་རེ་ངོ་སྤྲོད་དང་། ཐ་ན་འདོན་པ་གསུངས་པའི་སྐབས་ལག་གཉིས་ཐལ་མོ་སྦྱོར་ལུགས། ཕྱག་དང་བསྐོར་བ་བྱེད་སྟངས་ནས་བཟུང་སྟེ་ངོ་སྤྲོད་གང་ཐུབ་རེ་གནང་ན་ཁ་ཐུག་ལ་ཕན་པ་ཆེན་པོ་ཡོད་པར་མ་ཟད། མི་ཐོག་རྗེས་མ་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་འབྲེལ་བའི་འཚོ་བའི་གོམས་སྲོལ་བཟང་པོ་རྣམས་རང་བཞིན་གྱིས་ཤེས་འགྲོ་བའི་དགེ་མཚན་ཆེན་པོ་ཡོད། ལྷག་པར་དུ་རྒན་པ་ཚོས་འདི་གའི་མང་ཚོགས་ནང་ཆང་དང་། ཐ་མ་ཁའི་ཉེས་དམིགས་བཤད་ནས་སྤོང་ཐབས་བྱེད་དགོས་པ་གལ་ཆེན་པོ་རེད། གྲྭ་ཚང་གི་ཟླ་བ་གཅིག་གི་ཉ་སྟོང་བརྒྱད་གསུམ་ནམ་ཡིན་ལ་སྤྱི་ཐབ་ནང་ཤ་མེད་པ་བྱས་པ་ཡིན་ན་ཚེས་བཟང་དང་འབྲེལ་བའི་སྤྱི་བའི་དགེ་བའི་བྱ་བར་འགྲོ་གི་རེད། རྡ་རམ་ས་ལར་གྲྭ་ཚང་གིས་ཉ་སྟོང་བརྒྱད་གསུམ་ལ་ཤ་བཞེས་ཀྱི་ཡོད་པ་མ་རེད།

              གཞན་ང་རང་གི་ད་ལྟའི་གློ་བུར་བའི་མཐོང་ཚུལ་ལ་རྡ་རམ་ས་ལར་སློབ་སྦྱོང་བྱེད་པར་སོང་ནས་ཚུར་ཡོང་མཁན་གྱི་གྲྭ་ཕྲུག་ཚོ་ཕྱོགས་གང་ཅིའི་ཐད་ནས་འདི་ཕྱོགས་ཀྱི་གྲྭ་པ་གཞན་དག་དང་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་ཞིག་མཐོང་སོང་། མ་འོངས་པར་མུ་མཐུད་སློབ་སྦྱོང་བྱས་པ་ཡིན་ན་འདི་ལས་ཁྱད་པར་ཆེན་པོ་ཐོན་ཐུབ་ཀྱི་རེད། རྣམ་པ་ཚོས་སྔར་བཞིན་སློབ་སྦྱོང་ཐོག་འབད་བརྩོན་བྱེད་དགོས་པ་འདི་གལ་ཆེན་པོ་རེད།

                ངས་གོང་དུ་བཤད་པ་བཞིན་འདི་གའི་སྦྱིན་བདག་སྤྱི་དང་ལྷག་པར་ཨ་ཕ་ཡོ་ཇོས་ཚང་དང་། འཇིགས་མེད་ཆོས་འཕེལ། ཨ་ཁུ་བྱམས་པ་སོགས་ཀྱིས་ཟ་ཁང་འཛིན་རྒྱུ་དང་། བ་ཕྱུགས་ཀྱི་རྫི་བོ་བྱེད་པ། རྒྱ་ཐུག་བཟོ་བ། གྲོང་གསེབ་ཏུ་ས་ཞིང་གི་ལས་ཀ་བྱེད་པ་སོགས་དགོན་པའི་ལས་དོན་ཐོག་སྔོན་ནས་ད་ལྟ་ལ་ཐུག་གི་བར་དཀའ་ལས་ཤུགས་ཆེན་བརྒྱབས་པ་རེད། འདི་གའི་ཀིརྟི་ཚང་དང་འབྲེལ་ཡོད་ཀྱི་མི་མང་པོས་ལོ་མང་རིང་དཀའ་ལས་བརྒྱབས་པའི་འབྲས་བུར་སུ་ཁེ་དགོན་པ་ད་ལྟའི་བར་ཡག་པོ་བྱས་ནས་གནས་ཐུབ་པ་རེད། ང་ཚོས་ད་ལྟའི་ཡར་རྒྱས་ཀྱི་རྨང་གཞི་འདིའི་ཐོག་ནས་མུ་མཐུད་དཀའ་ལས་བརྒྱབས་པ་ཡིན་ན་ང་ཚོ་ལ་རེ་བ་གསར་པ་ཞིག་ཡོང་རྒྱུ་རེད།

                མི་རེ་རེ་ལ་ལྟ་བའི་འཁྱེར་ཕྱོགས་མ་འདྲ་བ་རེ་ཡོད་པ་བཞིན་ང་རང་ཡིན་ན་ཕྱི་རྒྱལ་ལ་སློང་མོ་བྱས་ནས་དགོན་པ་རྒྱ་བསྐྱེད་བྱེད་པ་དང་འཚོ་བ་བསྐྱལ་རྒྱུའི་ཐད་འདོད་པ་རྩ་བ་ནས་མེད་མཁན་གྱི་གྲས་ཡིན། ངས་ཕྱི་རྒྱལ་གྱི་རྐུབ་ལ་རྒྱུགས་ནས་ང་ལ་རོགས་པ་བྱེད་རོགས་ཞེས་སྒོར་མོ་བཙལ་ནས་དངུལ་ཡོང་ཐབས་བྱེད་ཀྱི་མེད་སྟབས། ང་ཚོ་ལ་འཕྲལ་སེལ་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་འཕྲད་སྲིད་ནའང་། དང་པོ་ཉིད་ནས་སོ་སོའི་རྐང་པའི་ཐོག་ལ་ལངས་ཐུབ་རྒྱུའི་འཆར་གཞི་བཏིང་ནས་འགྲོ་བ་ཡིན་ན་ཕུགས་བཙན་པ་དང་མཐའ་འཁྱོལ་བ་ཞིག་ཡོང་གི་འདུག རྡ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་ཡང་ངས་དཀའ་ལས་བརྒྱབས་ནས་སོ་སོའི་རྐང་པའི་ཐོག་ལངས་ནས་བཙུགས་པ་ཡིན་མ་གཏོགས་ཕྱི་རྒྱལ་ལ་སོང་ནས་སློང་མོ་བརྒྱབས་པ་དང་སྦྱིན་བདག་བཙལ་བ་དེ་འདྲ་གང་ཡང་མེད། སོ་སོའི་ངོས་ནས་འབད་བརྩོན་མི་བྱེད་པར་རྟག་ཏུ་མི་གཞན་ཞིག་གི་ལག་པ་ནས་ཡོང་རྒྱུའི་རེ་བ་བརྒྱབས་ནས་བསྡད་པ་ཡིན་ན་དེས་རང་ཉིད་སྐྱག་ལང་བཏང་བ་མ་གཏོགས་ཕུགས་བཙན་པའི་ཡར་རྒྱས་ཤིག་གཏན་ནས་ཡོང་གི་མ་རེད། ངས་རྟག་ཏུ་གོམས་གཤིས་ངན་པ་འདི་བོད་མི་སྤྱི་དང་ལྷག་པར་ཀིརྟི་ཚང་དང་འབྲེལ་བའི་མིའི་བསམ་བློའི་ནང་མི་ཡོང་ཐབས་གཙོ་འདོན་བྱེད་ཀྱི་ཡོད། དེ་ཡིན་དུས་ང་ཚོས་འཕྲལ་གྱི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་རིམ་པས་རང་གི་རྐང་པའི་ཐོག་ནས་དགོན་པ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་པ་ཡིན་ན་ང་ཚོའི་བསམ་དོན་བཞིན་ལམ་ལྷོང་ཡོང་ཐུབ་ཀྱི་རེད།

                ད་ཐེངས་ང་འདིར་ཡོང་སྟེ་རྣམ་པ་ཚོ་ཆ་ཚང་ལ་ངོ་འཕྲད་ནས་སྐད་ཆ་བཤད་རྒྱུ་བྱུང་བས་དགའ་བོ་བྱུང་། ཡིན་ནའང་རྡ་རམ་ས་ལར་ང་ལ་ལས་ཀ་མང་པོ་ཞིག་ལྷག་བསྡད་ཡོད་སྟབས་བྲེལ་བའི་དབང་གིས་དུས་ཚོད་རིང་པོ་བསྡད་ལོང་མེད་པར་ཕར་འགྲོ་དགོས་བྱུང་སོང་ཡང་། རྗེས་མ་དུས་ཚོད་སྟོང་པ་རེག་དུས་ཚུར་ཡོང་རྒྱུའི་བསམ་བློ་ཡོད། ད་རེས་ངས་ལག་སྟོང་མིན་པ་ཙམ་སྒོར་མོ་ཆིག་འབུམ་ཞིག་གྲྭ་ཚང་ལ་ཞལ་འདེབས་སུ་ཕུལ་བ་ཡིན། ཀུན་གྱིས་མཉམ་རུབ་གནང་ནས་དཀའ་ལས་བརྒྱབ་རོགས་ཞེས་བསྐྱར་དུ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།།

 

རྡོར་གླིང་སུ་ཁེའི་ཀིརྟི་དགོན་གྱི་ལོ་རྒྱུས་ཆ་ཚང་ཟུར་དུ་འཕྲུལ་དེབ་བཟོས་ཡོད་པ་དེར་གཟིགས་པར་འཚལ།

 

 

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.