001༄༅།།ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ པའི་ཚེས་ ༨ རེས་གཟའ་ལྷག་དཀར་ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མཆོག་ཀིརྟི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་

ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་ཚེས་དེ་ཉིད་བརྟན་བཞུགས་དང་སྦྱིན་གཏོང་སོགས་གཞན་ཕན་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་དུ་མའི་ལམ་ནས་འཁྲུངས་ཚེས་བརྩི་སྲུང་ཞུས། ཉིན་དེའི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་དགེ་བསྐོས་དབུས་པའི་བརྟན་བཞུགས་སྦྱིན་བདག་རྣམས་ཀྱིས་ཁོང་རིན་པོ་

002ཆེ་གཟིམ་ཆུང་ནས་སྤོས་སྣེ་རྒྱ་གླིང་དང་བཅས་ཚོམས་ཆེན་གྱི་བཞུགས་ཁྲིར་གདན་འདྲེན་ཞུས་གྲུབ་པ་དང་། མགོན་པོ་མཆོག་ནས་བཀའ་སློབ་ཕེབས་གསལ། བརྟན་བཞུགས་སྐབས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། རིས་སུ་མ་ཆད་པའི་དགོན་པ་གྲྭ་ཚང་ཁག་གི་ཆོས་བྱེད་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས་ཀྱི་ཆེད་བརྟན་བཞུགས་འབུལ་གྱི་ཡོད་བསམ་པའི་ཐུགས་སྨོན་གནང་དགོས་སྐོར་དང་། ད་རེབ་བརྟན་བཞུགས་འདི་ནི་ངོས་ཀྱི་ཕ་ཡུལ་གཅིག་པ་ཚོས་དེ་སྔོན་སྐུ་སྙུང་བཞེས་སྐབས་ནས་སྙན་སེང་ཞུས་ཡོད་པ་དང་དེ་རིང་ཀྱི་སྐྱེས་སྐར་ཉིན་བྱས་པ་ཡིན་དུས་དམིགས་བསལ་ཡག་པོ་བྱུང་། གཞན་འཁྲུངས་ཡུལ་ཕྱོགས་དང་༸སྐྱབས་མཆོག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་བར་གྱི་ཆོས་དང་དམ་ཚིག་གི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་འདི་ལྟར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་སྔོན་མ་སོགས་ལ་ཕ་ཡུལ་ཀྱི་མི་རྣམས་ངའི་རྩར་བཅར་སྐབས་ཁྱེད་ཀྱིས་ལམ་སྟོན་གནང་བས་ཕན་ཐོགས་བྱུང་ཚུལ་དང་། ཕ་ཡུལ་གྱི་མི་རྣམས་སྤྱོད་པ་སོགས་ཡར་རྒྱས་སྒོས་ཇེ་བཟང་དུ་འགྲོ་ཡི་ཡོད་ཚུལ་མང་པོ་འདུག་པས་ང་རང་ཧ་ཅང་དགའ་བོ་བྱུང་། ངས་གང་བཤད་པ་དེ་ང་མཁས་པ་དང་ཡོན་ཏན་ཅན་ཞིག་ཡིན་པས་མ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་མཐུན་པར་ངས་ཁྱེད་ཅག་ལ་ལན་སྤྲད་པ་ཙམ་རེད། སྐར་ཆ་ཙམ་ལ་ཡང་༸གོང་ས་མཆོག་གི་ཐུགས་མཉེས་པོ་བྱུང་ན་བསོད་ནམས་དཔག་ཏུ་མེད་པ་གསོག་བཞིན་ཡོད་པ་རེད་ཅེས་སོགས་བཀའ་གནང་། དེའི་རྗེས་བརྟན་བཞུགས་ལ་ཕེབས་པའི་མཁན་བླ་སྤྲུལ་དགེ་འདུན་འདུས་མང་བཅས་པས་ཚེ་སྦྱིན་ལྷག་པའི་ལྷ་མཆོག་སྒྲོལ་དཀར་ཡིད་བཞིན་0003འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་ལམ་ཞུས་པ་དང་། བརྟན་བཞུགས་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་མཛོད་དགེ་དང་ཐེ་བོ་ཕྱོགས་ཀྱི་བྱེས་འབྱོར་བ་ཐུན་མོང་དང་། གཟའ་རུ་རོང་འབྲོག་ཐུན་མོང་བཅས་ནས་ཕུལ་བ་ཡིན་འདུག

གཞན་ཡང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཆེད་སོགས་ལ་དམིགས་ནས་ལོ་ལྟར་ཀིརྟིའི་བྱེས་པ་གྲྭ་ཚང་དང་། ཀིརྟིའི་དགེ་རྩ་ཚོགས་པ། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་བཅས་ཐུན་མོང་གིས་གོ་སྒྲིག་འོག་བཞུགས་སྒར་ཁུལ་གྱི་སྨན་ཁང་ཆེ་ཁག་དྲུག་དང་རྒན་གསོ་ཁང་སོགས་སུ་སྨན་བཅོས་དང་ཟས་སྦྱིན་སོགས་རྒྱ་ཆེར་བྱས་ཡོད་པ་ལྟར། ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གེགས་སྔོན་བསུས་ཀྱིས་ཉིན་མང་པོའི་གོང་ནས་གསལ་བསྒྲགས་བྱས་དོན་ལྟར་བཞུགས་སྒར་ཁུལ་སྨན་ཁང་དྲུག་ནས་སྨན་སྦྱིན་ཉིན་ཧྲིལ་པོར་བྱས་པར་མ་ཟད། རྒན་གསོ་ཁང་གི་རྒན་རྒོན་རྣམས་ལ་ལག་དངུལ་དང་ཟས་སྦྱིན། ནད་གསོ་ཁང་དུ་ཡོད་པ་རྣམས་ལ་ཡང་སྙུན་འདྲི་ཆེད་ལག་དངུལ་སོགས་ཕུལ་ཡོད། དེ་བཞིན་བལ་ཡུལ་ནས་ཀྱང་འབྲེལ་ཡོད་རྣམས་ཀྱིས་གོང་བཞིན་གནང་ཡོད་པར་མ་ཟད། བོད་ནང་དུ་འབྲེལ་ཡོད་དགོན་སྡེ་ཁག་གཙོ་བོར་གྱུར་བའི་སྤྱི་སྒེར་ཅི་རིགས་ནས་ས་ཕྱོགས་གང་སར་རིས་མེད་དགོན་པ་ཁག་ལ་སྐྱབས་ཞུ་འབུལ་བ། ནད་པ་ལ་སྨན་སྦྱིན། ཉམ་ཐག་ཁག་ལ་ཟས་གོས་དང་ལག་དངུལ་སྦྱིན་གཏོང་། ཁོང་རིན་པོ་ཆེའི་བཀའ་སློབ་དང་སྐད་ཡིག་སློབ་དེབ་སོགས་དཔེ་དེབ་ཁག་རིན་མེད་ངང་འགྲེམས་སྤེལ། མང་ཚོགས་ལ་ནང་ཆོས་ངོ་སྤྲོད། ཚེ་ཐར་དང་སྲོག་བླུ་སོགས་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་བརྩོན་པ་རྒྱ་ཆེན་པོ་གནང་བའི་སྒོ་ནས་ཁོང་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་སྲུང་བརྩི་གང་ལེགས་གནང་ཡོད་འདུག

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.