སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ངོ་སྤྲོད་མདོར་བསྡུས།
༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱིས།
དང་པོ། སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་བྱ་དགོས་པའི་རྒྱུ་མཚན།
༄༅།། བོད་ནང་དུ་ཕྲན་དང་དམིགས་བསལ་འབྲེལ་ཡོད་དགོན་སྡེ་ཁག་ཏུ་གསར་འཛུགས་བྱས་པའི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་རྣམས་ཀྱི་ན་གཞོན་དགེ་འདུན་པ་རྣམས་ལོ་རེ་བཞིན་ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་ཡོད་ནའང་བསླབ་གཞིའི་སློབ་དེབ་ཆ་ཚང་བ་དང་གཅིག་གྱུར་ཅིག་མེད་པ། ལྷག་པར་དགེ་འདུན་པ་ན་གཞོན་ཚོའི་དགོས་མཁོ་དང་མཐུན་ཞིང་ལོ་ཚོད་དང་འཚམས་པའི་བསླབ་གཞི་ལ་རྒྱུས་མངའ་མེད་པའི་དཀའ་ངལ་དངོས་སུ་ཕྲད་པས། སློབ་དེབ་བློ་གསལ་མགུལ་རྒྱན། ཞེས་པ་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་བསླབ་གཞིའི་སློབ་དེབ་རྣམས་ཕྲན་ནས་འགན་བླངས་ཏེ་རྩོམ་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། འབྲེལ་ཡོད་སྐོར་ཞིག་གིས་སློབ་དེབ་རྩོམ་སྒྲིག་གནང་ཚེ་དགེ་འདུན་པ་ན་གཞོན་སྤྱི་ལ་དམིགས་པའི་སློབ་དེབ་ཅིག་རྩོམ་སྒྲིག་གནང་ན་དཀའ་ལས་བརྒྱབ་པ་དེས་ཕན་ཐོགས་ཆེ་བ་ཡོད་ཚུལ་གྱི་བསམ་ཚུལ་གནང་བ་ནི་དོན་ལ་གནས་པར་མཐོང་ནས།
ཇོ་ནང་༸རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་བསྩལ་པའི་གསུང་བཤད།
༄༅།། དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་འཆང་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་དང་། རང་གཞུང་ཆོས་དོན་བཀའ་བློན་མཆོག་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་པ་རྣམ་པ། དེ་རིང་ཁྲི་སྟོན་མཛད་སྒོ་འདིའི་ཐོག་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་མི་མང་ལྷན་རྒྱས་ལ་ཐོག་མཪ་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེའི་ཁྲི་སྟོན་གྱི་མཛད་སྒོ་འདི་བརྒྱུད་ནས་བོད་གཞིས་བྱེས་གཉིས་སུ་འཁོད་པའི་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ཡོངས་རྫོགས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་རྡོར་གླིང་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་གྲྭ་རྒྱུན་སྐྱོང་སྟངས་དང་འབྲེལ་བའི་སྐོར་ལ་བསྩལ་པའི་དམིགས་བསལ་གསུང་བཤད།
༄༅།། དེ་རིང་སུ་ཁེ་ཀིརྟིའི་དགོན་པའི་གྲྭ་རྒྱུན་རྣམས་དང། ཁོང་ཚོའི་ཤག་གི་དགེ་རྒན་རྣམ་པ། གྲྭ་ཚང་གི་ལས་སྣེ་རྣམ་པ་བཅས་མཉམ་དུ་འཛོམས་ན་ཞེས་བཤད་པ་ཡིན། དེང་སང་སྔོན་མ་དང་མ་འདྲ་བར་སུ་ཁེ་ཀིརྟིའི་དགོན་གྱི་གྲྭ་རྒྱུན་བདུན་ཅུ་ལྷག་འདིར་ཡོད་པ་དང་བྱེས་པ་གྲྭ་ཚང་གི་གྲྭ་པ་རྒན་པ་མང་ཆེ་བས་དགེ་ཕྲུག་ཉར་ཏེ་སུ་ཁེའི་གྲྭ་རྒྱུན་ན་གཞོན་ཚོ་གསོ་སྐྱོང་ཡག་པོ་གནང་ནས་སྐུ་ལས་བསྐྱོན་གྱི་འདུག། ད་ཆ་སུ་ཁེའི་གྲྭ་རྒྱུན་མང་པོར་གྱུར་ཏེ་གྲྭ་ཚོགས་ཆེ་རུ་ཕྱིན་ཡོད་དུས་གྲྭ་རྒྱུན་གསར་ཞུགས་པ་རྣམས་ལ་ལམ་སྟོན་ཡང་དག་པ་ཞིག་གནང་སྟེ་ཐོག་མ་ནས་ལམ་ངན་པའི་ནང་དུ་མ་ཤོར་བ་དང། ལམ་ཡག་པོ་ཞིག་གི་ནང་དུ་ཁྲིད་ཐུབ་པའི་ལམ་སྟོན་བྱ་དགོས་པ་འདི་གལ་ཆེན་པོ་ཡིན་དུས་དེ་རིང་ང་ཚོ་མཉམ་དུ་འཛོམས་ནས་གནད་དོན་འགའ་ཤས་ཀྱི་ཐོག་ངའི་བསམ་ཚུལ་ཞུས་ན་བསམས་བྱུང།
ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་སྐུ་མཆོག་ནས་བསྙེན་མཚམས་ཆེན་མོ་ལེགས་པར་གྲུབ་པའི་མཇུག་གི་དགེ་བསྔོ་དང་འབྲེལ་ནས་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།
༄༅།། བོད་རབ་བྱུང་བཅུ་བདུན་པའི་ཉག་མ་སོ་གཉིས་པ། ས་ཕག་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་དཀར་ཕྱོགས་རྒྱལ་བ་གསུམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ། འཕྲོད་སྦྱོར་ཤིན་ཏུ་ལེགས་པ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་མཁན་པོ་ཕུན་ཚོགས་མཆོག་གི་སྤྲུལ་སྐུ་བློ་བཟང་ཀླུ་སྒྲུབ་བསྟན་འཛིན་རྒྱ་མཚོ་མཆོག་མི་ལོ་ཧྲིལ་པོ་གསུམ་དང་ཟླ་གསུམ། ཉིན་གསུམ་རིང་སྐུའི་བཅད་རྒྱར་བཞུགས་ནས། སྔོན་འགྲོའི་འབུམ་ལྔ་ཁག་དང་། འཇིགས་བྱེད་དཔའ་བོ་གཅིག་པ་དང་། འཇམ་དབྱངས་དམར་སེར། གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག རྡོ་རྗེ་རྣམ་འཇོམས། འཇིགས་བྱེད་ལྷ་བཅུ་གསུམ་མ། སངས་རྒྱས་སྨན་བླ། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ། ཀུན་རིག་རྣམ་པར་སྣང་མཛད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། རྒྱལ་བ་མི་འཁྲུགས་པ། བཅོམ་ལྡན་འདས་གདུགས་དཀར་མོ། ཕྱག་རྡོར་འཁོར་ཆེན། བདེ་མཆོག་ཚེ་ལྷ་དཀར་པོ། རྣམ་སྣང་མངོན་བྱང་། དཔལ་གསང་བ་འདུས་པ་སོགས་ཀྱི་ལས་རུང་བསྙེན་པ་དམ་པ་གོང་མ་རྣམས་ཀྱིས་ཕྱག་ལེན་ཇི་ལྟ་བ་བཞིན་རེ་རེ་ལ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལེགས་པར་གྲུབ་ཅིང་།