༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐའེ་ཝན་ནས་གནང་བའི་གསུང་འཕྲིན།
༄༅།། གུས་ཅག་གི་འདྲེན་པ་ཆེན་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཐེམ་སྤངས་བཀའ་རྒྱ་མ་བསྡམས་སྔོན་ལ་ཐའེ་ཝན་དུ་སྐུ་གཟུགས་བརྟག་དཔྱད་གནང་ཆེད་ཕེབས་ཡོད་ཅིང་། བརྟག་དཔྱད་གནང་མ་གྲུབ་པའི་བར་སྐབས་དེར་ཐེམ་སྤངས་བཀའ་རྒྱ་བསྡམས་ནས་འཛམ་གླིང་ཧྲིལ་པོའི་འགྲུལ་བཞུད་བཀག་པ་ལྟར་དེང་སྐབས་ཀྱང་ཐའེ་ཝན་དུ་བཞུགས་མུས་ཡིན་ལ། ཐའེ་ཝན་ནི་ཏོག་གསར་རིམས་ནད་སྔོན་འགོག་ཤིན་ཏུ་ལེགས་པའི་གནས་ཤིན་ཡིན་པས་གུས་ཅག་གི་སེམས་ལ་ཧ་ཅང་དགའ་སྤྲོས་ཁེངས་ཡོད་མོད། ཁོང་རིན་པོ་ཆེས་ནི་དེ་ལས་ལྡོག་སྟེ་ཐུགས་འགྱོད་གནང་བཞིན་པའི་ཚུལ་ལ་གསུང་དོན། "བློ་འགྱོད་སྐྱེ་གཞི་ཞིག་ནི། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་རུང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸ཞབས་རྗེས་སུ་འབྲངས་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་པས་ཛ་དྲག་འདི་ལྟ་བུའི་སྐབས་མ་མཐར་ཡང་༸རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་སྡོད་ཐུབ་པ་ཞིག་བྱུང་ན་བློ་བདེ་བ་ཞིག་ཡོང་རྒྱུ་ཡིན་ནའང་། ད་ལན་བཞུགས་སྒར་དུ་སྡོད་མ་ཐུབ་པ་ནི་སྐལ་བ་དམན་པ་ཞིག་ཏུ་གྱུར་སོང་སྙམ་ནས་བློ་འགྱོད་སྐྱེས་ཀྱང་འགྲོ་འདུག་གི་དབང་གཞན་ལག་ཏུ་ཤོར་བས་ཐབས་ཤེས་མ་རྙེད། དེ་བཞིན་དུ་དུས་ངན་འདིའི་སྐབས་ང་ལ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་བྱེས་པ་གྲྭ་ཚང་གི་བླ་གྲྭ་རྒན་གཞོན་ཐམས་ཅད་དང་ཁ་བྲལ་ནས་མི་ཡུལ་ས་མཐའི་ནང་ནས་ས་མཐའི་གླིང་ཕྲན་ཆུང་ངུ་ཞིག་ཏུ་སྡོད་དགོས་བྱུང་བས་བློ་མ་བདེ་ཞིག་ཏུ་གྱུར་ནའང་བྱ་ཐབས་བྲལ།"ཅེས་གསུངས་པས་ལྷག་ཏུ་དད་གུས་ཆེས་ཆེར་འཕེལ་བར་གྱུར།
འདི་ག་གྲྭ་ཚང་ནས་ཏོག་དབྱིབས་རིམ་ནད་གསར་པ་སྔོན་འགོག་ལ་ཧིན་སྒོར་འབུམ་གསུམ་གྱིས་ཞལ་འདེབས་གནང་།
༄༅།། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཆེན་པོར་གྱུར་པའི་ཏོག་དབྱིབས་རིམ་ནད་གསར་པ་གང་སར་མཆེད་བཞིན་པའི་ཆེས་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་དབུས་སའི་གཞུང་གིས་ནད་རིམ་ལ་གདོང་ལེན་དང་སྔོན་འགོག་ཆེད་ཐེམ་སྤང་བཀའ་རྒྱ་བཏང་བ་སོགས་ལས་རིམ་མང་པོ་ཞིག་འགྲོ་མུས་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་གུས་ཅག་བོད་མི་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཅས་སུ་གྱུར་པའི་ཧི་མ་ཅལ་ཀང་ར་རྫོང་ཁོངས་མི་མང་རྣམས་ལ་ངལ་སེལ་རོགས་སྐྱོར་ལ་དམིགས་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་སྐུ་ཞབས་རྫོང་དཔོན་མཆོག་བརྒྱུད་ཧིན་སྒོར་འབུམ་གསུམ་གྱི་ཞལ་འདེབས་དང་། ནད་ཡམས་མྱུར་ཞི་ཡོང་བའི་སྨོན་ལམ་ཤུགས་དྲག་དང་བཅས།
༄༅།། ལོ་རྙིང་གི་མཐའ་མའི་བྱེད་སྒོ་དགུ་གཏོར་དང་། བོད་ལྕགས་བྱི་ལོའི་ལོ་སར་ཚེས་གཅིག་ཉིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་སྐབས་ཀྱི་འདྲ་པར་ཁག་ཅིག
༸འཛམ་གླིང་ཁྱོན་ལ་ནད་མུག་འཁྲུག་རྩོད་སོགས་ཞི་ཞིང་། ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ་དང་། ལྷག་པར་དུ་ཁ་བ་གངས་ཅན་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། གུས་ཅག་གི་འདྲེན་པ་གཅིག་པུ་མེ་ཏོག་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་འགྲུབ་ཅིང་། བོད་གཞིས་མཉམ་འཛོམས་ཀྱི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བ་སོགས་སྤྱི་བྱེའི་ཞབས་རིམ་དུ་དམིགས་པའི་ལོ་རྙིང་གི་བྱེད་སྒོ་མཐའ་དག་གི་ཐ་མ་དགུ་གཏོར་ཉིན་གཉིས་གཏོར་རྒྱག་དང་བཅས་པར་གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་གྲྭ་མང་ལྷན་ཚོགས་གནང་ཞིང་། ལོ་ལྟར་ལོ་སར་ཚེས་གཅིག་ཉིན་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་གྲྭ་ཚང་གི་ངོས་ནས་བརྟན་བཞུགས་བསྟར་འབུལ་མུས་ལྟར་བརྟན་བཞུགས་འབུལ་ལམ་ཞུས་ནས་གྲྭ་མང་དང་འབྲེལ་ཡོད་མི་མང་ཕེབས་པ་རྣམས་ཀྱིས་མཇལ་ཁ་ཞུས་པ་དང་། དགེ་འདུན་པ་གཉིས་ཀྱིས་ཚོགས་གླེང་གནང་སྲོལ་ཡོད་པ་བཞིན་ཆོས་འཁོར་དང་སེམས་བསྐྱེད་སྐོར་ནས་ཚོགས་གླེང་གནང་བ་སོགས་ལོ་སར་གྱི་བྱེད་སྒོ་ཁག་ལེགས་པར་གྲུབ།